ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཉམས་མྱོང་བརྗེ་རེས་ཚོགས་འདུ་པེ་ཅིང་དུ་བསྡུས་པ་དང་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།
2024.12.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཉམས་མྱོང་བརྗེ་རེས་ཚོགས་འདུ་ཚེས18ཉིན་པེ་ཅིང་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་སོགས་ཀྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཚད་མཐོ་བའི་འགན་འཁྲི་འཁུར་སེམས་དང་ལས་འགན་བསྒྲུབ་སེམས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བ། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

ཟླ12པའི་ཚེས18ཉིན། ཀྲུང་དབྱང་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཉམས་མྱོང་བརྗེ་རེས་ཚོགས་འདུ་པེ་ཅིང་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ནི་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་ཡིན་ལ། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་གནད་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱིས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་གྱི་མངོན་གསལ་དོད་པའི་ལེགས་ཆར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གྲུབ་ནས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པ། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་ཡང་དག་པའི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། མི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་མོའི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་བཅས་བྱེད་དགོས།

ཝང་ཧུའུ་ཉིང་གིས་གསུང་བཤད་གནང་སྐབས2021ལོའི་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་བསྡུས་པའི་ཚུན་གྱི་མི་རིགས་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་། ཁོང་གིས་བསྟན་དོན། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་སྟེང་ཀྲུང་ཧྭའི་དཔལ་ཡོན་གྱི་མངོན་གསལ་དོད་པའི་ཁྱད་ཆོས་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་མགྱོགས་མྱུར་ངང་བསྐྲུན་པ། མི་རིགས་སོ་སོའི་མི་དམངས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མོས་མཐུན་ཐོག་མཐའ་བར་གསུམ་དུ་སྲ་བརྟན་དུ་གཏོང་དགོས། མཉམ་དུ་ཕྱུག་འགྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་། མི་རིགས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སྒྱུར་བཅོས་དང་འཕེལ་རྒྱས་ཚང་མར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དོན་སྙིང་མངོན་པར་བྱས་ཏེ་རང་ངོས་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས། ཕན་ཚུན་མཉམ་འདྲེས་རྒྱུན་འཁྱོངས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བསྐྲུན་པའི་བྱ་བ་གཏིང་ཟབ་ཏུ་བཏང་ནས་མི་རིགས་སོ་སོའི་བར་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་དགོས།  ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་དང་མི་རིགས་བྱ་བའི་བཅོས་སྐྱོང་གི་སྲིད་ཇུས་དང་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་བཏང་ནས་མི་རིགས་སོ་སོའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་འགན་ལེན་བྱེད་དགོས། ཏང་གིས་མི་རིགས་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་ཡག་པོ་སྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། 

ཧྲི་ཐའེ་ཧྥུན་གྱིས་ཚོགས་འདུར་འགོ་འཛིན་གནང་བ་དང་། ཧྲིན་དབྱི་ཆིན་ཚོགས་འདུར་ཞུགས། 

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། འབྲེལ་ཡོད་མི་དམངས་ཚོགས་པ་དང་ཀྲུང་དབྱང་ཁེ་ལས་བཅས་ཀྱི་འགན་འཁུར་བློ་མཐུན། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱི་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། སྲིད་གཞུང་གི་མི་རིགས་བྱ་བའི་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས། ཧེ་ལུང་ཅང་དང་། ཀྲེ་ཅང་། ཀུའེ་ཀྲོའུ། ཀན་སུའུ། ཞིན་ཅང་བཅས་དང་ཀྲུང་དབྱང་རྩ་འཛུགས་པུའུ་དང་། སྤྱི་བདེ་པུའུ། རིག་གནས་དང་ཡུལ་སྐོར་པུའུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་གཏམ་བཤད་གནང་།

ཤ་བོ་གསེར་མཚོས་བསྒྱུར།