ཟླ12པའི་ཚེས18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་རྒྱ་གར་གྱི་རྒྱལ་ཁབ་བདེ་འཇགས་ཀྱི་བློ་འདོན་པ། ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་གནད་དོན་ཐད་ཀྱི་རྒྱ་གར་ཕྱོགས་ཀྱི་དམིགས་བསལ་འཐུས་མི་ཏའོ་ཝ་ཨར་ལ་མཇལ་འཕྲད་གནང་།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས18ཉིན་པེ་ཅིང་དུ་རྒྱ་གར་གྱི་རྒྱལ་ཁབ་བདེ་འཇགས་ཀྱི་བློ་འདོན་པ། ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་གནད་དོན་ཐད་ཀྱི་རྒྱ་གར་ཕྱོགས་ཀྱི་དམིགས་བསལ་འཐུས་མི་ཏའོ་ཝ་ཨར་ལ་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་མའོ་ཏིས་རྣམ་གཉིས་ཀྱིས་ཡར་སྔོན་གྲུབ་འབྲས་ཐོབ་པའི་ངང་མཇལ་འཕྲད་གནང་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་ལེགས་བཅོས་དང་འཕེལ་རྒྱས་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ཤར་ཕྱོགས་ཀྱི་དཔལ་ཡོན་ལྡན་པའི་གནའ་བོའི་རྒྱལ་ཁབ་དང་གསར་དར་རྒྱལ་ཁབ་ཆེན་པོ་ཡིན་པའི་ཆ་ནས་ཀྲུང་གོ་དང་རྒྱ་གར་གྱིས་རང་བཙན་རང་བདག་རྒྱུན་འཁྱོངས་དང་མཐུན་སྒྲིལ་མཉམ་ལས་རྒྱུན་འཁྱོངས་བྱས་པར་གོ་ལ་ཧྲིལ་པོའི་ཤུགས་རྐྱེན་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་ཡོད། སང་ལོ་ནི་ཀྲུང་གོ་དང་རྒྱ་གར་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ། ལམ་སྲོལ་རང་བཞིན་གྱི་གྲོས་མོལ་དང་དཔལ་འབྱོར་ཚོང་དོན། རིག་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་རིམ་བཞིན་སླར་གསོ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སླར་ཡང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ཏའོ་ཝ་ཨར་གྱིས་བསྟན་དོན། རྒྱ་གར་དང་ཀྲུང་གོ་གཉིས་ཀྱིས་ལོ་ལྔའི་རྗེས་སུ་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་གནད་དོན་གྱི་དམིགས་བསལ་འཐུས་མི་སླར་ཡང་ཐུག་འཕྲད་བྱེད་འགོ་བཙུགས་པ་དེ་ནི་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱེད་པའི་བྱ་སྤྱོད་གལ་ཆེན་ཞིག་ཡིན་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། གཉིས་ཕན་མཉམ་ལས་རྒྱ་ཆེར་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་པ་སྣོན་འདོད་ཡོད་ཟེར།
ཤ་བོ་གསེར་མཚོས་བསྒྱུར།