ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
2024.12.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 19

 ཟླ12ཚེས17ཉིན།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ། ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། མཱ་ཧྥིན་ཧྲིན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་ཏེ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱས་པའི་གནས་ཚུལ་གྱི་བརྡ་ཁྱབ་བཏང་ཞིང་། འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་པ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཆའོ་ཧྲི་སྐུ་འཁྲུངས་ནས་ལོ100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་བློ་མཐུན་ཆའོ་ཧྲིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཆེད་དུ་བཞག་པའི་གཟེངས་སུ་ཐོན་པའི་མཛད་རྗེས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། བློ་མཐུན་ཆའོ་ཧྲིའི་གསར་བརྗེའི་སྙིང་སྟོབས་དང་བླ་ན་མེད་པའི་སྤྱོད་བཟང་ལ་སློབ་སྦྱོང་བྱེད་པའི་ཐད་བླང་བྱ་གསལ་བོ་བཏོན་ཡོད་པས།    གསར་བརྗེའི་གཞི་རྒྱུར་སེམས་ཞིབ་མོས་གོ་བ་ལེན་པ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ། བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དང་ཐུགས་ཁུར་ཆེན་པོ་དེ་བྱ་བ་ཡག་པོར་སྒྲུབ་པའི་བྱ་སྤྱོད་དངོས་ལ་བསྒྱུར་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་བསྟན་དོན། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་མཱ་ཧྥིན་ཧྲིན་གྱི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་གྱོད་ཐོར་བཀོད་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་དེས།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་གང་ལེགས་སྒོས་མཚོན་པ་དང་། ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱིས་སྤྱོད་གཙང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ། ཆབ་སྲིད་ཀྱི་སྐྱེ་ཁམས་གཙང་བཟོ་བྱེད་པར་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་སྒོས་མཚོན་ཞིང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་བཀག་སྡོམ་ཁུལ་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། བཟོད་སྒོམ་གཏན་ནས་མེད་པ་བཅས་ཀྱི་བརྡ་རྟགས་དྲག་པོ་ཡང་བསྐྱར་བཏང་བ་རེད། ཞིང་ཆེན་ཏང་ཨུས་ཏང་ཀྲུང་དབྱང་གི་གཏན་འབེབས་ལ་མཐའ་གཅིག་ཏུ་གོང་བཀུར་དང་།  ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་ཡིན།   ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སྟེང་གཅིག་གྱུར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཀྱི་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མཱ་ཧྥིན་ཧྲིན་ལ་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་བྱུང་ནས་ཏང་གི་སྣང་བརྙན་དང་མཚོ་སྔོན་གྱི་སྣང་བརྙན་ལ་གནོད་བསྐྱལ་བ་དང་། ཏང་ཡོན་མགོ་ཁྲིད་ལས་བྱེད་པར་ཀུན་གྱིས་ཡིད་ཆེས་བྱེད་ཚད་ལ་གནོད་བསྐྱལ་བ་རེད།  གྱོད་གཞི་དཔྱད་གཞིར་བཟུང་ནས་བསླབ་བྱ་གཏིང་ཟབ་ལེན་པ་དང་། གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། རྒྱུན་རྣམ་དང་ཕུགས་ཕན་གྱི་སྒོ་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་དབང་ཆའི་ལྟ་བ་དང་།  སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ།  ལས་དོན་གྱི་ལྟ་བ་བཅས་ཡང་དག་འཛུགས་པར་སློབ་གསོ་དང་ཁྲིད་སྟོན་བཅས་བྱས་ཏེ། ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་སུངས་ལ་འགོག་རྒོལ་བྱེད་པའི་ངེས་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།  ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་དང་དཔོན་རིགས་ལ་བཅོས་སྐྱོང་ནན་མོ་བྱེད་པར་གཏིང་ཟབ་ཏུ་སྐུལ་འདེད་གཏོང་བ་དང་།  འཐབ་རྩོད་ཀྱི་སྙིང་སྟོབས་ཇེ་དྲག་ཏུ་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐོ་གནོན་རྣམ་པ་རྒྱུན་འཁྱོངས་བྱེད་པ།  མགོ་ཁྲིད་ལས་བྱེད་པ6གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་ཚབས་ཆེར་འགལ་བའི་གནད་དོན་ཡོ་བསྲང་བྱས་ཏེ་ཆེད་དོན་སློབ་གསོ་དང་སྤྱོད་ཚུལ་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ། སྒྲིག་འགལ་ངང་ལག་རྟགས་སྤྲོད་ལེན་གྱི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་པ།  རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།  རུལ་སུངས་ཀྱི་འབྱུང་ཁུངས་དང་ཆ་རྐྱེན་རྩ་མེད་དུ་གཏོང་དགོས།   “ལས་བྱེད་པས་སྒྲུབ་དགོས་པ་དང་།རིགས་ལམ་གསལ་དགོས་པ། རང་གཅུན་ནན་དགོས་པ”བཅས་ཀྱི་བླང་བྱ་ལག་བསྟར་ནན་མོ་བྱས་ཏེ།  ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་འགན་འཁྲི་ནན་མོ་འཁུར་བ་དང་། ཏང་ཙུའུ་དང་ཏང་ཨུའི་འགན་འཁྲི་གཙོ་བོ་དང་འགན་འཁུར་བློ་མཐུན་གཙོ་བོའི་འགན་འཁྲི་འཁུར་མཁན་དང་པོའི་འགན་འཁྲི་དང་ཚན་ཁག་གི་ཁོངས་མི་གཞན་དག་གི“ལས་གནས་གཅིག་ལ་འགན་འཁྲི་གཉིས”བཅས་ལ་ཤུགས་སྣོན་པ། འགན་འཁྲིའི་ཕྲེང་འབྲེལ་སྔར་ལས་གཟབ་ནན་དུ་གཏོང་བ་བཅས་བྱས་ནས། “ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་དང་མཐའ་གཅིག་ཏུ་བཅོས་སྐྱོང་ནན་མོ་བྱེད་དགོས”པའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་དག་དོན་ཐོག་ཏུ་འཁྱོལ་དགོས་ན། ངེས་པར་དུ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་ཀྱི་ཁྲིད་སྟོན་དང་ཆབ་སྲིད་ཀྱི་འགན་ལེན་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ལམ་ལུགས་ལག་བསྟར་ནན་མོ་དང་རིམ་པ་བཞིན་གནོན་ཤུགས་བརྒྱུད་ཁྲིད་བྱས་ཏེ། ཏང་ཡོན་ལས་བྱེད་པས་སློབ་སྦྱོང་དམ་འཛིན་དང་། ལག་བསྟར་དམ་འཛིན། དོན་འཁྱོལ་དམ་འཛིན་བཅས་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་མུ་མཐུད་དུ་ཆེ་རུ་བཏང་ནས།  ཆབ་སྲིད་ཀྱི་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་འཛུགས་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ལ་དམིགས་པ་དང་། “རྒྱལ་དོན་གྱི་ཆེ་ཕྱོགས”ལ་དམིགས་པ། ཆབ་སྲིད་ལྟ་སྐུལ་བྱེ་བྲག་དང་གནད་ལ་འཁེལ་བའི་སྒོ་ནས་རྒྱུན་རྣམ་ཅན་དུ་འགྱུར་བ་བཅས་བྱས་ནས། ཆབ་སྲིད་ཀྱི་ཆ་རྐྱེན་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། རྩ་བའི་དགོངས་གཞི་ནན་མོའི་ཐོག་ནས་སྤྱོད་གཙང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་རྒྱུན་འཁྱོངས་དང་། ཏང་གཤིས་དང་ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་དང་།  སྤྱོད་གཙང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་ཕན་ཚུན་འབྲེལ་མཐུད་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གྲུབ་འབྲས་གསར་པར་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྲ་ཞིང་བརྟན་པའི་འགན་ལེན་འདོན་སྤྲོད་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་ལ། བསམ་བློ་དང་རིག་གནས་འཐབ་ཕྱོགས་ཀྱི་བདེན་འཚོལ་དངོས་སྒྲུབ་དང་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱེད་པ་དྲིལ་བསྒྲགས་བྱས་ཏེ། གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་ཡོད། དྲིན་ཚོར་གྱི་བསམ་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་བློ་སྟོབས་རྒྱུན་མཐུད་ངང་སྐུལ་སྤེལ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་ཤེས་རྒྱ་བསྐྱེད་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཁྲིད་སྟོན་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཡིད་ཆེས་མུ་མཐུད་དུ་མཐོར་འདེགས་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་འཆད་འགྲེལ་ལ་ཤུགས་སྣོན་པ།  དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱེད་དགོས།  བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་རྣམ་པ་བཟང་པོ་རྒྱུན་མཐུད་ངང་གཏོད་པ་དང་།   བཅོས་སྒྱུར་གྱི་ལོ་ཆེན་པོར་དམ་པོར་དམིགས་ཏེ། མཚོ་སྔོན་གྱི་བཅོས་སྒྱུར་གྱི་སྐད་སྒྲ་སྒྲོག་སྤེལ་དང་། མཚོ་སྔོན་གྱི་བཅོས་སྒྱུར་གཏམ་རྒྱུད་ཡག་པོར་བརྗོད་པ།  བཅོས་སྒྱུར་གྱི་ཐུན་མོང་ངོས་འཛིན་དང་བྱ་སྤྱོད་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱེད་དགོས། གསར་བརྗེའི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ཏེ། བརྩམས་ཆོས་རྩེ་གྲ་མང་པོ་འདོན་པར་བརྩོན་ལེན་བྱེད་དགོས། འདུ་ཤེས་འཛིན་སྟངས་ལས་དོན་གྱི་ཏང་གི་མགོ་ཁྲིད་དབང་ཆ་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ་དང་། དགེ་སློབ་ཀྱི་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་བསྣན་ཏེ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མུ་མཐུད་དུ་བརྟན་པོར་འཛུགས་པ་དང་། མཐོ་རིམ་སློབ་གྲྭའི་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་གཙོ་བོ་བརྟན་པོར་སྲུང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་གཞི་རིམ་གྱི་དཔྱད་ཞིབ་ཁུ་བསྡུ་དང་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གཞི་རིམ་གྱི་དཔྱད་ཞིབ་དོན་ཚན་གཙང་བཤེར་དང་ཚད་ལྡན་དུ་གཏོང་བའི་ལས་དོན་ཏན་ཏིག་གིས་ཡག་པོར་བསྒྲུབ་དགོས།  དངོས་དོན་སྒྲུབ་པ་དང་། གྲུབ་འབྲས་དངོས་ཁྲིད་ཕྱོགས་བྱེད་པ་འབུར་དུ་ཐོན་པར་བྱས་ཏེ། དཔྱད་ཞིབ་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། དཔྱད་ཞིབ་དམིགས་ཚད་ལེགས་སྒྱུར། དཔྱད་ཞིབ་བྱེད་སྟངས་ལེགས་བཅོས་བཅས་བྱས་ནས།  ལས་བྱེད་པས་ཁག་ཁུར་ཕོད་པ་དང་བྱས་རྗེས་འཇོག་པར་མུ་མཐུད་དུ་བསྔགས་སྐུལ་བྱེད་དགོས།     སྐོར་ཞིབ་སྐོར་སྐྱོད་དང་།  བྱ་བར་ལྟ་ཞིབ། ཁྲིམས་བསྟར་ཞིབ་བཤེར་སོགས་ཀྱི་གྲུབ་འབྲས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱས་ཏེ། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བར་སྐུལ་འདེད་ཆེན་པོ་གཏོང་དགོས།

གྲོས་ཚོགས་ལས་ད་དུང《མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ཚད་ལྡན་ཅན་གྱི་ཡིག་ཆའི་དོ་དམ་བྱེད་ཐབས》ལ་གྲོས་ཞིབ་བྱས་ཤིང་། དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།