ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་མཉམ་དུ་མཚོ་སྔོན་ཞིང་ཆེན་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་སྒོ་བྱང་བཀལ།
2024.12.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 30

ཟླ12པའི་ཚེས18ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་སྒོ་བྱང་འགེལ་བའི་མཛད་སྒོ་ཟི་ལིང་དུ་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཤིས་ཚིག་ཕུལ་བར་མ་ཟད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་མཉམ་དུ་སྡེ་ཚོགས་ཀྱི་སྒོ་བྱང་བཀལ།

ཁྲིན་ཀང་གིས་ཤིས་ཚིག་འབུལ་སྐབས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་ཟི་བཙུགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་ཤིང་། མཚོ་སྔོན་ཞིང་ཆེན་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ཐད་ཐུགས་ཁུར་རྒྱབ་སྐྱོར་གནང་བའི་ལས་རིགས་སོ་སོའི་གྲོགས་པོ་ཡོངས་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཆེ་ཞུས། ཁོས་མཚོ་སྔོན་ཞིང་ཆེན་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་ཟི་བཙུགས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པའི་བྱེ་བྲག་གི་ལག་ལེན་ཞིག་ཡིན་ལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་སྐོར་གྱི་བྱེད་ཐབས་གལ་ཆེན་དངོས་འབེབས་བྱེད་པ་ཞིག་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་མཚོན་བྱེད་རང་བཞིན་གྱི་བཅོས་སྒྱུར་བྱེད་ཐབས་ལག་ལེན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི་གཞི་འཛིན་ནུས་ལྡན་ཞིག་ཀྱང་ཡིན།

ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་ཟིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་གཙོ་སྐྱོང་མཁན་དང་། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་འཛིན་པ། དག་གཙང་ནུས་ཁུངས་ཐད་ཀྱི་ཕྱི་ཕྱོགས་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་སྟེགས་བུ་གཙོ་བོ་བཅས་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ཁུར་ཡོད་པས། སྐྱིད་སྡུག་གཞི་གཅིག་ཅན་དང་ནུས་ཁུངས་དྲ་བ་ཐེག་ནུས་གསོག་ནུས་གཞི་གཅིག་ཅན་གྱི་སྲོག་ཤིང་ཁུལ་ཁོངས་ཆེན་པོ་གཉིས་གནད་འཁེལ་གཅིག་སྡུད་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་ཆེད་སྔར་ལས་ལྷག་པའི་བྱས་རྗེས་འཇོག་དགོས། རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པ་དང་དེར་ཞབས་འདེགས་ཞུ་བའི་སྟེང་ཧུར་ཐག་གི་བྱེད་ཕྱོགས་ཡོད་པ། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་དང་མིག་རྒྱང་དེ་ལས་རིང་བའི་འཕེལ་རྒྱས་དམིགས་འབེན་ལ་དམིགས་པ། འཐབ་ཇུས་འཕེལ་རྒྱས་ཀྱི་འཆར་གཞི་ཞིབ་འཇུག་དང་གཏན་འབེབ་བྱེད་པ་དམིགས་སུ་འཛིན་པ། རྒྱལ་ཁབ་ཀྱི་ནུས་ཁུངས་བཀོད་པ་གལ་ཆེན་དང་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་གནས་ལྔ་གཞི་གཅིག་ལ་སྐུལ་འདེད་གཏོང་བའི་བཀོད་པའི་ཁྲོད་ཧུར་ཐག་འདྲེས་པར་བྱས་ནས་གཙོ་སྐྱོང་ཁ་ཕྱོགས་འཆར་འགོད་བཟང་པོ་བྱ་དགོས། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟེང་སྟོབས་ཤུགས་ཕུལ་ནས། སྒྲུབ་དགོས་པ་དང་སྒྲུབ་མི་ཉན་པ་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཀྲུང་དབྱང་གི་ཁེ་ལས་བར་གྱི་མཉམ་ལས་མཉམ་རྒྱལ་ལ་ཤུགས་སྣོན་པ། ཚད་གཞི་སྔར་ལས་མཐོ་ཞིང་ནུས་ཕྱོད་སྔར་ལས་མཐོ་བ། སྤུས་ཚད་སྔར་ལས་མཐོ་བའི་སྒོ་ནས་ནུས་ཁུངས་དྲ་བ་ཐེག་ནུས་གསོག་ནུས་བཅས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ལས་རྣམ་གསར་བ་དང་རྣམ་པ་གསར་བ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ་སྲོག་ཤིང་ལག་རྩལ་གྱི་འགག་གནད་ཐག་གཅོད་ནུས་ལྡན་བྱས་ནས། གཞི་གྲངས་ཐོན་ལས་ལ་སྐུལ་འདེད་གཏོང་བ་དེ་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ་དང་མཉམ་འདྲེས་གཏིང་ཟབ་བྱེད་དགོས། ས་གནས་ཀྱི་ངལ་རྩོལ་ནུས་པའི་ལས་ཞུགས་རང་འགུལ་སྒོས་ཚུར་འགུག་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་གྱི་བདེ་འཇགས་འགན་སྲུང་ནུས་པ་ཤུགས་དྲག་དང་ཇེ་མཐོར་གཏོང་དགོས། དེང་རབས་ཅན་གྱི་ཁེ་ལས་ལམ་ལུགས་འཛུགས་པའི་ཐད་ནས་ཚད་གཞི་རུ་འགྱུར་བར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་གི་རྒྱལ་དབང་ཁེ་ལས་ཀྱི་འགོ་ཁྲིད་ལ་གཡོ་འགུལ་མི་གཏོང་ཞིང་། ཚོང་ར་ཅན་གྱི་གཉེར་སྐྱོང་རྣམ་པ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་དབང་ཁེ་ལས་དེང་རབས་ཅན་གྱི་བཅོས་སྐྱོང་རྣམ་པ་བསྐྲུན་པ། ཕྱིའི་ནང་འདྲེན་དང་ནང་གི་གསོ་སྐྱོང་ཕན་ཚུན་ཟུང་འབྲེལ་བྱས་པ་བརྒྱུད། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། འབྲེལ་ཡོད་སྡེ་ཁག་དང་ས་ཆ་སོ་སོས་ནུས་ཤུགས་ཡོད་རྒུས་མཚོ་སྔོན་ཞིང་ཆེན་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཚན་སྡེབ་གཉེར་སྐྱོང་ལ་རྒྱབ་སྐྱོབ་བྱས་ཏེ། ཁེ་ལས་འཕེལ་རྒྱས་ལ་འཕྲད་པའི་གནད་དོན་ཞིབ་འཇུག་དང་ཐག་གཅོད་ཧུར་ཐག་བྱས་ནས། ཁེ་ལས་འཕེལ་རྒྱས་རྒྱ་སྐྱེད་གཏོང་ཆེད་སྔར་ལས་ནུས་ལྡན་གྱི་ཆ་རྐྱེན་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་མཛད་སྒོར་ཞུགས། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་མགོ་འཛིན་བྱས། མཚོ་སྔོན་ཞིང་ཆེན་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་འགན་ཁུར་བློ་མཐུན་གཙོ་བོས་གཏམ་བཤད།

ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་པུའུ་ཨུ། ཞིང་ཆེན་ཐད་གཏོགས་ལས་ཁུངས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གི་འགན་ཁུར་བློ་མཐུན། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ། ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་དང་། མཚོ་ཤར་བཟོ་ལས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ཁེ་ལས་དང་། དངུལ་རྩ་ལས་ཁུངས་དང་ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་དབང་ཁེ་ལས་ཁ་ཤས་ཀྱི་འགན་ཁུར་བློ་མཐུན་བཅས་མཛད་སྒོར་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།