ཟླ12ཚེས19ཉིན། ཞིང་ཆེན་ཡོངས་ཀྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་ཟི་ལིང་དུ་བསྡུས་པ་དང་། ཚོགས་ཆེན་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཐད་ཡང་བསྐྱར་སྐུལ་སློང་དང་ཡང་བསྐྱར་བཀོད་སྒྲིག་བྱས་པ་དང་། ཡང་བསྐྱར་དངོས་འབེབས་བྱས་ནས་ལྗང་མདོག་རྩིས་ནུས་ཐོན་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། རྒྱལ་ཁབ་གཞི་གྲངས་ཅུའུ་ཡི་ཏང་ཙུའུ་ཁོངས་མི། ཅུའུ་ཀྲང་གཞོན་པ་ཞ་པེན་གཉིས་ཀྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།
ཁྲིན་ཀང་གིས་ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུང་དབྱང་པུའུ་ཨུས་མཛུབ་སྟོན་རྒྱབ་སྐྱོར་བྱས་པ་དང་། ཆེད་ལས་མཁས་པས་རོགས་རམ་ཤུགས་ཆེན་བྱས་པ། སྤྱི་ཚོགས་ལས་རིགས་ཁག་ཧུར་ཐག་གིས་ཟབ་ཞུགས་བྱས་པ། འབྲེལ་ཡོད་བློ་མཐུན་རྣམས་ཀྱིས་དཀའ་སྤྱད་འབད་འབུངས་བྱས་པར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཆེ་ཞུས། ཁོས་འདས་པའི་ལོ་གཅིག་གི་རིང་ལ། རང་ཞིང་གི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་གོམ་སྟབས་མྱུར་ཞིང་འཕེལ་རྒྱས་བརྟན་པོ་ཡིན་ལ། གནས་བབ་བཟང་པོ་མངོན་པས། ཚང་མའི་བརྩོན་སེམས་འཕེལ་བར་བྱེད་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། ལྗང་མདོག་རྩིས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་དང་དངོས་འབེབས་བྱེད་པའི་བྱེ་བྲག་གི་ལག་ལེན་ཞིག་དང་། གཞི་གྲངས་ཅན་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོ་དང་བསྟུན་པའི་དགོས་ངེས་ཀྱི་གདམ་ག་ཞིག རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱེད་པ་དང་དེར་ཞབས་འདེགས་ཞུ་བའི་ལག་ལེན་བྱེད་ཐབས་ཤིག ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་འདོམས་བྱེད་པའི་འདེགས་གཞི་གལ་ཆེན་ཞིག་ཡིན། གདམ་ག་འདི་འགྲིག་ཅིང་བགྲོད་ཐུབ་པ་ཞིག་ཡིན་ལ། ངེས་པར་དུ་རིང་དུ་བསྐྱོད་ཐུབ་ཅིང་ལེགས་པོར་བསྐྱོད་ཐུབ་པ་ལག་ལེན་ལས་ར་སྤྲོད་བྱུང་ཡོད་པས། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། ངོས་འཛིན་མོག་པོ་གསལ་བར་བྱེད་པ་དང་། མཚོ་སྔོན་གྱིས་ལྗང་མདོག་རྩིས་ནུས་འཕེལ་རྒྱས་གཏོང་བ་དེས་དག་གཙང་ནུས་ཁུངས་བེད་སྤྱོད་གང་ལེགས་ཐུབ་ཅིང་། སྟོད་སྨད་རྒྱུད་ཀྱི་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པར་དོན་སྙིང་གལ་ཆེན་ལྡན་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ་དང་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཐད་རིན་ཐང་ཆེན་པོ་ལྡན་པར་མ་ཟད། རྩིས་གཞི་ཆེན་པོ་དང་མིག་རྒྱང་རིང་བའི་རྩིས་གཞི། སྤྱི་ཡོངས་ཀྱི་རྩིས་རྒྱག སྔར་ལས་ལྷག་པར་མིས་བཟོས་རིག་ནུས་ཀྱི་བཀོད་པ་དམ་འཛིན་བྱེད་པ། ཤེས་ལྡན་མི་སྣའི་མི་འདང་ས་མྱུར་དུ་ཁ་གསབ་བྱེད་ཐུབ་པ་དང་། ལྗང་མདོག་རྩིས་ནུས་སྣེ་ཁྲིད་དུ་བྱས་པའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་མྱུར་དུ་འཕེལ་རྒྱས་གཏོང་ཐུབ་ཅེས་བསྟན།
ཁྲིན་ཀང་གིས་སྤུས་ཚད་མཐོ་བའི་སྒོ་ནས་རྣམ་གྲངས་དོན་འཁྱོལ་ཐད་ཞབས་ཞུ་ལེགས་པོར་སྒྲུབ་སྟེ། གསར་བཙུགས་རྣམ་གྲངས་ལ་མྱུར་དུ་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱི་དགོས་མཁོ་དང་དཀའ་ཁག་གནད་དོན་ཐག་གཅོད་རོགས་བྱེད་པར་རང་འགུལ་སྒོས་སྦྲེལ་མཐུད་བྱེད་དགོས། ལྗང་མདོག་རྩིས་ནུས་ཐོན་ལས་དང་ལྗང་གློག་མཐུན་སྦྱོར་འཕེལ་རྒྱས་ཁྱབ་ཁོངས་ཀྱི་ཚོང་འགུག་དངུལ་འདྲེན་གྱི་ནུས་ཚད་ཇེ་ཆེར་བཏང་སྟེ། མཚམས་སྦྱོར་དྲིལ་སྒྲོག་བྱ་བ་ཡག་པོར་སྒྲུབ་ནས་ཚོང་གཉེར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས། ད་ཡོད་ཀྱི་སྲིད་ཇུས་ལ་ཕྱོགས་ཡོངས་ནས་གསལ་འགྲེལ་དང་འདེམ་སྒྲིག་ལེགས་སྒྱུར་བྱས་ཏེ། ཕན་བདེའི་སྲིད་ཇུས་སྣ་ཚོགས་གནད་ལ་འཁེལ་ཞིང་དོན་འཁྱོལ་ཕན་འབྲས་མངོན་པར་སྐུལ་འདེད་གཏོང་དགོས། སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པར་སྐུལ་མ་བཏང་སྟེ། བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་དང་སྒོ་འབྱེད་བཟོད་སྒོམ་གྱི་རྣམ་འགྱུར་བཟུང་ནས་བསྐྱར་བཀོལ་དང་ཁྱབ་གདལ་བཏང་ཆོག་པའི་སྔོན་སྐྱོད་ཉམས་མྱོང་སྔར་ལས་མང་པོ་གསར་དུ་བཏོད་དགོས། ལས་ཞུགས་ཐག་གཅོད་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཚོང་འགུག་དངུལ་འདྲེན་གྱི་དཔྱད་གཞིའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཐོན་ལས་འཕེལ་རྒྱས་རྣམ་པས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པར་རོགས་ཤུགས་འདོན་དགོས། ཤེས་ལྡན་མི་སྣ་ནང་འགུག་མ་ལག་འཐུས་ཚང་དུ་བཏང་སྟེ། ཤེས་ལྡན་མི་སྣ་གཅིག་འདུས་ཀྱི་ཕན་ནུས་འདོན་སྤེལ་བྱེད་པ་དང་། ཤེས་ལྡན་མི་སྣ་ནང་འགུག་དང་གསོ་སྐྱོང་། བཀོལ་སྤྱོད་བཅས་ཀྱི་སྐྱེ་ཁམས་ལེགས་པོ་ཞིག་རྒྱུན་མཐུད་ངང་བསྐྲུན་དགོས། གཞི་གྲངས་ཀྱིས་མཚོ་སྔོན་ལ་རོགས་བྱེད་པའི་ལས་དོན་ཐད་སྔར་ལས་ཤུགས་བསྣན་ཏེ། རྣམ་གྲངས་མ་དངུལ་གཅིག་སྡུད་བྱེད་པར་སྐུལ་མ་བཏང་ནས་རོགས་སྐྱོར་མཉམ་ལས་ཀྱི་སྤུས་ནུས་ཇེ་མཐོར་གཏོང་དགོས། གཞི་གྲངས་སྲིད་གཞུང་དང་། གཞི་གྲངས་སྤྱི་ཚོགས། གཞི་གྲངས་ཐོན་ལས་མ་ལག་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། གཞི་གྲངས་སྒོ་འབྱེད་ཀྱི་ནུས་ཚད་ཆེ་རུ་གཏོང་བ་དང་། ཁེ་ལས་འབྲིང་ཆུང་གཞི་གྲངས་ཅན་དུ་ཚུལ་སྒྱུར་བྱེད་པར་རྒྱབ་སྐྱོར་བྱས་ནས། སྤྱི་ཚོགས་གཞི་གྲངས་ཅན་དུ་ཚུལ་སྒྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གང་ལེགས་གཏོང་དགོས་ཞེས་ནན་གྱིས་བསྟན།
ཞ་པེན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་སྣེ་ཁྲིད་འོག མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་སྡུས་ཀྱིས་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་བཏང་བས། ལྗང་མདོག་རྩིས་ནུས་ཀྱིས་གསོན་ཤུགས་ལྡན་པའི་འཕེལ་རྒྱས་རྣམ་པ་མངོན་ཡོད་ཅེས་བསྟན་པ་དང་། ཁོས་ལྗང་གློག་མཉམ་སྤེལ་གྱིས་དུས་རབས་གསར་པའི་རྩིས་ནུས་འཕེལ་རྒྱས་མགོ་རྩོམ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བསྐྱེད་དེ། མཚོ་སྔོན་གྱིས་རང་སྟེང་གི་འཕེལ་རྒྱས་དོན་དངོས་ལ་རྐང་བཙུགས་ནས་ལྗང་མདོག་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཟུར་ཚད་ལ་རྐང་བཙུགས་ནས་ཁུལ་ཁོངས་མཐུན་སྦྱོར་གྱི་འཕེལ་རྒྱས་འཐབ་ཇུས་ལ་སྐུལ་འདེད་གཏོང་དགོས། རྒྱལ་སྤྱི་ཅན་གྱི་འགྲན་རྩོད་འཕེལ་རྒྱས་ཀྱི་ཟུར་ཚད་ལ་རྐང་བཙུགས་ནས་རྩིས་ནུས་ཀྱིས་འཇོན་ནུས་བསྐྱེད་པའི་མཐོར་གཏོང་ཚད་རིམ་ཇེ་མགྱོགས་སུ་གཏོང་དགོས། མཚོ་སྔོན་གྱིས་ལྗང་མདོག་རྩིས་ནུས་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་བའི་གོ་སྐབས་གལ་ཆེན་དང་གནད་འགག་རྩ་གནད་ཁོང་དུ་དམ་པོར་ཆུད་པར་བྱས་ཏེ། རྩིས་ནུས་ཀྱི་རིན་ཐང་འདོན་སྤེལ་གང་ལེགས་བྱེད་པ་དང་། ས་གནས་ཀྱི་ཐོན་ལས་གསར་སྤེལ་གྱི་དགོས་མཁོར་ཞབས་འདེགས་ཞུ་བ། ལྗང་མདོག་རྩིས་ནུས་ལ་གཞི་བཅོལ་ནས་གཙོ་གནད་ཁྱབ་ཁོངས་སུ་གནད་ལ་འཁེལ་བའི་ཤུགས་བཏོན་ནས། ཚན་རྩལ་གསར་གཏོད་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་བསམ་ཕྱོགས་གསར་བ་རྒྱ་བསྐྱེད་དགོས། དམིགས་འབེན་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་ཏེ། དག་གཙང་ནུས་ཁུངས་དང་རྩིས་ནུས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་བྱ་བ་སྤུས་ཚད་མཐོན་པོས་སྤེལ་ཞིང་། དམིགས་འབེན་མཐོ་བའི་སྒོ་ནས་ལག་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་ནས། སྤུས་ཚད་དང་ཕན་ནུས་མཐོ་བའི་སྒོ་ནས་ལམ་སྲོལ་རྐྱེན་སྲོལ་གྱི་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་གཞི་གྲངས་ཅུའུ་ཡིས་མཚོ་སྔོན་གྱིས་དག་གཙང་ནུས་ཁུངས་དང་རྩིས་ནུས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་བྱ་བ་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་ཏེ། རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་བར་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། གཞི་གྲངས་ཀྲུང་གོ་དང་། གཞི་གྲངས་རྒྱུ་རྐྱེན། གཞི་གྲངས་ཀྱི་རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་སུ་གསར་གཏོད་འཚོལ་ཞིབ་ཀྱི་ལས་དོན་སྤེལ་ནས། འབད་འབུངས་ཡར་བརྩོན་གྱི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་བཤད་བྱས།
ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱེད་སྐབས། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་གཏོང་བ་ནི་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཅིག་བསྐྲུན་པའི་བྱེ་བྲག་གི་བྱེད་ཐབས་ཤིག་ཡིན་པས། བཅོས་སྒྱུར་དཔེ་སྟོན་གཅིག་སྡུད་ཀྱིས་དངོས་འབེབས་དམ་འཛིན་བྱས་ཏེ། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་གསར་གཏོད་བྱེད་ཅིང་། ལམ་ལུགས་མ་ལག་འཐུས་ཚང་ལེགས་བཅོས་བྱས་ནས། རྒྱལ་ཡོངས་ཀྱི་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་མཚོ་སྔོན་གྱི་དཔེ་གཞི་འབད་པས་བསྐྲུན་དགོས། ལས་འགན་གཙོ་བོ་དངོས་འབེབས་བྱེད་པར་དམིགས་ཏེ། ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་བཀོད་པར་གཅིག་འདོམས་བྱེད་པ་དང་། རྨང་གཞིའི་དྲ་རྒྱ་དང་རྒྱུ་རྐྱེན་འདེགས་སྐྱོར་གྱི་ནུས་པ་མཐོ་རུ་གཏོང་བ། ཁྱད་ལྡན་བཀོལ་སྤྱོད་ལས་རྣམ་རྒྱ་བསྐྱེད་ནས། གཞི་གྲངས་སྩོལ་ནུས་ཀྱིས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་དགོས། ལག་རྩལ་གསར་གཏོད་གཅིག་སྡུད་ཀྱིས་དངོས་འབེབས་དམ་འཛིན་བྱས་ཏེ། ནུས་ཁོངས་དྲ་བ་ཐེག་ནུས་གསོག་ནུས་དང་། གློག་དྲ་ཆུང་གྲས། གསར་དར་གསོག་ནུས་སོགས་ཁྱབ་ཁོངས་དམིགས་སུ་འཛིན་པ་དང་། སྲོག་ཤིང་ལག་རྩལ་གྱི་འགག་སྒོ་སྒྲོལ་ཤུགས་ཆེ་རུ་བཏང་ནས། ལག་རྩལ་སྔོན་ཐོན་དང་། སྡེབ་སྒྲིག་མཁོ་འདོན། བདེ་འཇགས་ཡིད་རྟོན་རུང་བའི་ལྗང་གློག་རྣམ་པའི་ཐཱན་མེད་རྩིས་ནུས་ཀྱི་ཁྱུ་ཚོགས་བསྐྲུན་དགོས། རྐྱེན་སྲོལ་འཐུས་ཚང་སྒོས་དངོས་འབེབས་དམ་འཛིན་བྱེད་པར་དམིགས་ཏེ། ཚད་གཞི་མཐོ་བའི་སྐུལ་འདེད་དང་ཚོང་འགུག་དངུལ་འདྲེན། བྱ་བའི་བཀོད་གཏོང་དང་རྒྱུ་རྐྱེན་འགན་སྲུང་རྐྱེན་སྲོལ་ལེགས་བཅོས་བྱས་ནས། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་རྒྱུན་ཆད་མེད་པར་ཐོལ་བརྒལ་གསར་བ་དང་གྲུབ་འབྲས་གསར་བ་ལེན་དགོས་ཞེས་བསྟན།
གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་བྱ་བའི་སྤྱིའི་གནས་ཚུལ་ལ་ཉན་པ་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་གཞི་གྲངས་ཅུའུ། ཟི་ལིང་གྲོང་ཁྱེར། ཨ་ལིས་སྤྲིན་རིག་ནུས་སྡེ་ཚོགས། ཀྲུང་གོ་ལེན་ཐུང་མཚོ་སྔོན་ཡན་ལག་ཀུང་སི། ཀྲུང་གོ་སྤོ་སྒུལ་མཚོ་སྔོན་ཡན་ལག་ཀུང་སི་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་སོ་སོར་གཏམ་བཤད། འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱི་ཁེ་ལས་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་ཚན་ཆུང་གིས་ཡིག་ཐོག་གཏམ་བཤད་སྤེལ།
གྲོས་ཚོགས་བརྙན་རིས་ཀྱི་རྣམ་པས་བསྡུས་ཤིང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་ཁུལ་། རྫོང་དང་ཆུའུ་སོ་སོར་ཡན་ལག་ཚོགས་ར་བཙུགས་ཡོད། ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་། ཀྲང་ཅིན་ཀང་། ཝུའུ་ལ་ཙི་པེ་ཁི་རི་སུའུ་ལིས་ཧན། ཀྲུའུ་ཞང་ཧྥིན། ཝང་ཧའེ་ཧུང་བཅས་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རར་ཞུགས་ཡོད།
གྲོས་ཚོགས་སྔོན་དུ། ཞིང་ཆེན་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་ཆེད་མཁས་བློ་འདོན་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ་དང་། ཡོན་ཧྲི་དང་ཆེད་མཁས་པ་ཁ་ཤས་ཀྱིས་གྲོས་ཚོགས་ཀྱི་བརྗོད་དོན་ཐད་ནས་བརྗེ་རེས་གཏམ་བཤད་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།