ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ12པའི་ཚེས18ནས་ཚེས20ཉིན་བར་ཀྲི་ཅང་དུ་རྟོག་ཞིབ་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གིས་དཔལ་འབྱོར་གནས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་བཅད་པ་དང་དཔལ་འབྱོར་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་སྟེང་ནས་གཅིག་གྱུར་ཡོང་བར་བྱས་ཏེ། ཡིད་ཆེས་བརྟན་གཏོང་དང་གསར་འབྱེད་ཡར་བརྩོན་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱས་རྗེས་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས་ཞེས་ནན་གྱིས་གསུངས།
ལིས་ཆང་གིས་ཧང་ཀྲོའུ་རུ། གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོ་དེ་ཡིན། ཚན་རྩལ་འཕོ་འགྱུར་གྱི་རླབས་རྒྱུན་ལ་རང་འགུལ་ངང་དམ་འཛིན་བྱེད་རྒྱུ་དང་། རྨང་གཞིའི་ཞིབ་འཇུག་དང་ཐུན་མོང་རང་བཞིན་གྱི་མཁྲེགས་གཏོར་ལག་རྩལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། རྩིས་ནུས་སོགས་རྨང་གཞིའི་སྒྲིག་ཆས་གསར་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ཏེ། གསར་གཏོད་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་གྲུབ་འབྲས་སྔར་ལས་གང་མང་ཐོབ་པར་བྱས་ནས། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ཐུབ་ཆེད་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་དགོས། ཁེ་ལས་ཀྱི་གསར་གཏོད་རང་བདག་གནས་བབ་ལ་ཤུགས་སྣོན་པ་དང་། གསར་གཏོད་ཀྱི་སྐྱེ་ཁམས་བཟང་པོ་སྐྲུན་པ། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ལིས་ཆང་གིས་ཧྲའོ་ཞིན་དུ། སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྒུལ་ནུས་རྙིང་པ་གསར་བརྗེས་བྱ་རྒྱུར་སྤྱི་འདོམས་ཡག་པོ་བྱ་རྒྱུ་ནི་ལས་དོན་གལ་ཆེན་ཞིག་ཡིན། ཁེ་ལས་ཀྱིས་ཞིབ་འཇུག་དང་གསར་སྤེལ་ཐད་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ། ལག་རྩལ་གསར་པ་དང་ཐོན་རྫས་གསར་པ། ཡུལ་རྣམ་གསར་པ་བཅས་གཞི་ཁྱོན་ཆེན་པོའི་སྒོ་ནས་སྤྱོད་རྒྱུར་སྐུལ་འདེད་གཏོང་བ་དང་། གསར་དར་ཐོན་ལས་དང་འབྱུང་འགྱུར་གྱི་ཐོན་ལས་སྟོབས་ལྡན་ཅན་དུ་གཏོང་བ། དཔལ་འབྱོར་གྱི་འཕར་གཞི་གསར་པ་སྐྲུན་པ་བཅས་བྱེད་དགོས། གཞི་གྲངས་དང་ལྗང་མདོག་སོགས་སྔོན་ཐོན་ལག་རྩལ་ལ་བརྟེན་ནས་ནུས་པ་བཏོན་ཏེ། སྒྱུར་བཀོད་རིམ་སྤོར་ཁྲོད་སྲོལ་རྒྱུན་ཐོན་ལས་ཀྱི་གསོན་ཤུགས་འཕེལ་བར་བྱེད་རྒྱུ་དང་མགྱོགས་མྱུར་འཕེལ་རྒྱས་ཡོང་བར་བྱས་ནས། སྒུལ་ནུས་གསར་རྙིང་བརྟན་པོའི་ངང་རྒྱུན་མཐུད་དང་བརྗེ་སྒྱུར་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།
ལིས་ཆང་གིས་ཅཱ་ཞིན་དུ། རྒྱལ་སྤྱིའི་ཟོག་འགྲེམས་ཞབས་ཞུའི་མ་ལག་བསྐྲུན་ཚད་ཇེ་མགྱོགས་སུ་གཏོང་བ་དང་། སྣ་མང་མཉམ་འདྲེན་འཕེལ་རྒྱས་འབད་པས་གཏོང་བ། རྒྱལ་སྤྱིའི་སྐྱེལ་འདྲེན་ནུས་པ་ཆེ་རུ་གཏོང་བ། ཐོན་ལས་སྔར་ལས་མང་བར་ཁྱབ་འགྱེད་དང་སྐུལ་ཁྲིད་བཅས་བྱས་ཏེ། ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་གསུངས། ལིས་ཆང་གིས་ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ཀྱི་འགན་འཁུར་བ་དང་གླེང་མོལ་གནང་སྐབས། ཀྲུང་གོས་ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ཀྱིས་ཀྲུང་གོ་རུ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་གང་ལེགས་བྱས་ནས། ཁྱབ་ཁོངས་སྔར་ལས་མང་བའི་ཁྲོད་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བརྟན་པོ་གཏོང་བ་དང་། ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་པ། རྒྱལ་ཁབ་ཕྱི་ནང་གི་དངུལ་གཏོང་ཁེ་ལས་ཀྱི་དྲང་གཞག་འགྲན་རྩོད་ལ་ཕྱོགས་རིས་མེད་པའི་སྒོ་ནས་རྒྱབ་སྐྱོར་བྱེད་པ་བཅས་བྱས་ནས། ཕྱི་རྒྱལ་གྱི་ཁེ་ལས་སྔར་ལས་གང་མང་ཀྲུང་གོའི་ཁྲོམ་ར་ནས་རྐང་ཚུགས་ཐུབ་པར་བྱེད་རྒྱུ་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས།
རྟོག་ཞིབ་བྱེད་སྐབས་ལིས་ཆང་གིས་འགོ་འཛིན་གནང་ནས་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས། ལིས་ཆང་གིས་ཁེ་ལས་ཀྱི་འགན་འཁུར་བའི་གཏམ་བཤད་ལ་གསན་རྗེས། ཁེ་ལས་མཁས་ཅན་ཚོའི་འཕེལ་རྒྱས་ཀྱི་ཡིད་ཆེས་ཀྱིས་མི་རྣམས་ལ་སྐུལ་མ་ཐེབས་པ་དང་ཚང་མས་བཏོན་པའི་བསམ་འཆར་དང་གྲོས་འགོར་རིན་ཐང་ཆེན་པོ་ལྡན་ཞེས་གསུངས། ཁོང་གིས་རྒྱ་ཆེའི་ཁེ་ལས་ཀྱིས་དཔལ་འབྱོར་ལས་དོན་གྱི་བཀོད་སྒྲིག་གསར་པ་ལས་བྱུང་བའི་གོ་སྐབས་གསར་པར་སྟངས་འཛིན་ནན་མོ་བྱེད་རྒྱུ་དང་དཀའ་ངལ་ལ་མི་སྐྲག་པ། གསར་གཏོད་བྱེད་ཕོད་པ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་བེད་སྤྱོད་ཡག་པོ་བྱེད་པ། འཕེལ་རྒྱས་ཀྱི་བར་སྟོང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལས་ཞུགས་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་རེ་བ་ཡོད། རིམ་པ་སོ་སོའི་སྲིད་གཞུང་གིས་ཚོང་གཉེར་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་གཏོང་བ་དང་། ཁེ་ལས་ལ་ཕན་པ་དང་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་པ། ཁེ་ལས་ཀྱི་རེ་ཞུ་ཐག་གཅོད་བྱ་རྒྱུར་རོགས་རམ་ཧུར་ཐག་བྱེད་པ་བཅས་བྱས་ནས། ཁེ་ལས་སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན།
ལིས་ཆང་གིས་ཀྲི་ཅང་འདི་ཉིད་དཔལ་འབྱོར་ཞིང་ཆེན་ཆེན་པོ་ཞིག་ཡིན་པའི་ངོས་ནས་དཔའ་ངར་ཆེན་པོས་འགན་གཙོ་བོ་འཁུར་བ་དང་། བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཆེ་རུ་གཏོང་བ། གསར་གཏོད་དང་ཐོད་བརྒལ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་སྐྲུན་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་ཀུན་གྱི་མདུན་གྲལ་དུ་སླེབས་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།
ཝུའུ་ཀྲིན་ལུང་གིས་རྟོག་ཞིབ་བྱེད་རོགས་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།