རྒྱལ་ཡོངས་མཐོ་རིམ་སློབ་ཆེན་གྱི་ཏང་འཛུགས་བྱ་བའི་ཚོགས་འདུ་ཐེངས་ཉེར་བརྒྱད་པ་ཚེས19ཉིན་ནས་ཚེས20ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཚོགས་འདུར་ཞུགས་ནས་གཏམ་བཤད།
ཏེན་ཞུའེ་ཞང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས་བསྡད་དེ། མཐོ་རིམ་སློབ་ཆེན་གྱི་ཏང་འཛུགས་ལས་དོན་ཐད་བསམ་བློ་གསར་པ་དང་ཆོད་གཏམ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་ནས། མཐོ་རིམ་སློབ་ཆེན་གྱི་ཏང་འཛུགས་ལ་སྐུལ་འདེད་གཏོང་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་།“ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ། རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། མཐོ་རིམ་སློབ་ཆེན་གྱི་ཏང་འཛུགས་ལས་དོན་ཏན་ཏིག་ངང་ཡག་པོར་སྒྲུབ་པ་བཅས་བྱས་ནས། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་འགན་ལེན་བརྟན་པོ་འདོན་སྤྲོད་བྱེད་དགོས་ཞེས་གསུངས།
ཏེན་ཞུའེ་ཞང་གིས་མཐོ་རིམ་སློབ་ཆེན་གྱི་ཏང་འཛུགས་ལས་དོན་གྱི་འགན་འཁྲི་གསར་པ་དང་འགྲན་སློང་གསར་པ། བླང་བྱ་གསར་པ་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་རྒྱུ་དང་། སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་མི་དམངས་ཀྱི་ངོ་བོ། འཐབ་ཇུས་ཀྱི་ངོ་བོ་བཅས་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། སྤུས་ཚད་མཐོ་བའི་ཏང་འཛུགས་ལ་བརྟེན་ནས་མཐོ་རིམ་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བཅས་བྱས་ཏེ། “རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མཐོ་རིམ་སློབ་ཆེན་གྱིས་བྱ་བ་གང་ཞིག་སྒྲུབ་དགོས་མིན”ཐད་ཀྱི་དུས་རབས་ཀྱི་བརྗོད་གཞིར་ལན་ཡག་པོ་རྒྱག་དགོས། མཐོ་རིམ་སློབ་ཆེན་གྱིས་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཕུགས་བསམ་དད་སེམས་དང་ཏང་གཤིས་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ། ཏང་ཨུའི་འགོ་ཁྲིད་འོག་གི་སློབ་གཙོའི་འགན་འཁྲིའི་ལམ་ལུགས་ཀྱི་འཁོར་སྐྱོད་ཕན་ནུས་ཆེ་རུ་གཏོང་བ། སློབ་གཉེར་སློབ་སྐྱོང་གི་ཆབ་སྲིད་ཁོར་ཡུག་བཟང་པོ་སྐྱེད་སྲིང་བྱེད་པ། བློ་བརྟན་འགྱུར་མེད་ངང་སྤྱོད་ཚུལ་ནན་མོ་དང་སྒྲིག་ཁྲིམས་ནན་མོ། རུལ་སུངས་ལ་ངོ་རྒོལ་བྱེད་པ་བཅས་ཀྱི་སྟེང་ནས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་མཐོ་རིམ་སློབ་ཆེན་དུ་ཇི་མ་ཇི་བཞིན་གྱི་སྒོ་ནས་ལག་བསྟར་ཐུབ་རྒྱུར་འགན་ལེན་བཅས་བྱེད་དགོས། ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་སྤྱི་འདོམས་མཛུབ་སྟོན་ལ་ཤུགས་སྣོན་པ། ལམ་ལུགས་ཀྱི་འགན་ལེན་ལ་ཤུགས་སྣོན་པ། དཔྱད་ཞིབ་དང་གདེང་འཇོག་ལ་ཤུགས་སྣོན་པ་བཅས་བྱས་ཏེ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།
ལིས་ཧྲུའུ་ལའེ་ཡིས་ཚོགས་འདུར་འགོ་འཛིན་བྱས། ཧྲི་ཐའེ་ཧྥུན་དང་ལིས་ཀན་ཅེ་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།