ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ་དང་འགན་འཁྲི་ཧུར་ཐག་གིས་འཁུར་རྒྱུར་སྐུལ་ལྕག་བྱས་ཡོད།
2024.12.21 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 31

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་འགའི་སྔོན་ཨའོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་ཞང་ཀང་དང་ཨའོ་མིན་གྱི་ལས་རིགས་ཁག་ཏུ་ཚུར་སྣང་ཆེན་པོ་བྱུང་། ཚང་མས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་མི་སེམས་ལ་ངར་ཤུགས་སློང་བ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བར་བྱེད་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ངེས་པར་དུ་ཁྱོན་ཡོངས་དང་ཡང་དག བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། རླབས་ཆེན་མེས་རྒྱལ་གྱི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡོད་པས་འཕེལ་རྒྱས་ཀྱི་གནས་བབ་གསར་པ་འབྱེད་ཐུབ་ངེས་ཡིན་ལ། འོད་སྟོང་ལྡན་པའི་མདུན་ལམ་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་པར་མ་ཟད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་ཐུབ་ངེས་ཡིན་ཟེར།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟན་དོན། ཨའོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25ཡི་རིང་ལ། ཀྲུང་དབྱང་སྲིད་གཞུང་དང་མེས་རྒྱལ་ནང་ལོག་གི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་སྤྱི་ཚོགས་ལས་རིགས་སོ་སོར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་མུ་མཐུད་དུ་འབད་འཐབ་བྱས་པ་དང་། ཨའོ་མིན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། ད་ལྟའི་ཨའོ་མིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། མི་རེའི་ས་ཁུལ་གྱི་ཆ་སྙོམས་ཐོན་སྐྱེད་རིན་ཐང་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། རྒྱལ་ཁབ་དང་ས་ཁུལ120ལྷག་ཙམ་དང་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་བརྟན་པོ་བཙུགས་པ་དང་། རྒྱལ་སྤྱིའི་རྩ་འཛུགས་དང་སྒྲིག་གཞི190ལྷག་ཙམ་གྱི་ཁོངས་གཏོགས་ཡིན་ལ། རྒྱལ་ཁབ་སོ་སོའི་དངུལ་གཏོང་མཁན་གྱིས་དངུལ་གཏོང་ལས་སྐྲུན་དང་། འཛུགས་སྐྲུན་ནང་ཞུགས་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བཅས་བྱེད་པར་ཡིད་དབང་བཀུག་ཡོད།

དུས་རབས་གསར་བའི་ཚུན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མིན་གྱི་འཕེལ་རྒྱས་དང་ཨའོ་མིན་སྤུན་ཟླའི་བདེ་སྐྱིད་ལ་ཐོག་མཐའ་བར་གསུམ་དུ་དོ་ཁུར་གནང་བ་དང་། ཨའོ་མིན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བར་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་གནང་ནས་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་མཛད་ཡོད་ལ། ཨའོ་མིན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་རྒྱུར་སྣེ་ཁྲིད་བྱས་ཡོད། ཨའོ་མིན་གྱི་སྤྱི་ཚོགས་ལས་རིགས་སོ་སོས་བསྟན་དོན། ཨའོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་པའི་ཚུན་གྱི་འོད་སྟོང་ལྡན་པའི་གྲུབ་འབྲས་དེས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་དང་གསོན་ཤུགས་གང་ལེགས་སྒོས་མཚོན་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཨའོ་མིན་གྱིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་ལེགས་ཆ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་དང་། ཨའོ་མིན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད་ཟེར།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། སེམས་ཤུགས་གཅིག་སྒྲིལ་གྱིས་དཔལ་འབྱོར་དོན་གཉེར་དང་། འཕེལ་རྒྱས་དོན་གཉེར། འཛུགས་སྐྲུན་དོན་གཉེར་བཅས་བྱས་ནས་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། ཨའོ་མིན་གྱི་དཔལ་འབྱོར་འོས་འཚམ་དང་སྣ་མང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཡིན་པའི་ཆ་ནས། མིག་སྔར་ཧིན་ཆིན་དང་། ཀོང་ཏུང་། ཨའོ་མིན་བཅས་མཉམ་ལས་གཏིང་ཟབ་ཁུལ་གྱིས་འདུས་གྲུབ་གློག་ལམ་དང་རིག་ནུས་གྲོང་ཁྱེར་གྱི་ཟོང་སྦྲེལ་དྲ་བ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་སྐོར་ཞིག་གི་ཡན་ལག་པུའུ་འཛུགས་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཀོང་ཏུང་དང་ཨའོ་མིན་འབྲེལ་མཐུད་ཀྱི་གཙོ་གནད་བྱེད་ཐབས་གསར་པ་སྐོར་ཞིག་མགྱོགས་མྱུར་ངང་བཟོ་བཞིན་ཡོད་ཅེས་གསུངས།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཨའོ་མིན་གྱི་ན་གཞོན་རྣམས་ལ་བརྩེ་སེམས་བཅངས་ཡོད། ཁོང་གིས་གསུང་བཤད་གནང་སྐབས་རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ཨའོ་མིན་དང་རྒྱལ་ཁབ་ལ་བརྩེ་སེམས་བཅངས་པ་དང་། མིག་རྒྱང་རིང་པོ་དང་ཏན་ཏན་ཏིག་ཏིག་གིས་མེས་རྒྱལ་སྟོབས་ཆེན་དང་མཛེས་སྡུག་ལྡན་པའི་ཨའོ་མིན་འཛུགས་སྐྲུན་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་ཁྲོད་ལང་ཚོ་ལ་འོད་སྣང་འཕྲོ་བར་བྱ་རྒྱུའི་རེ་བ་ཡོད། ཚན་རྩལ་གསར་གཏོད་ཀྱི་མདུན་ས་ནས་དམངས་འཚོར་ཞབས་འདེགས་ཞུ་བའི་འཐབ་ཕྱོགས་དང་པོའི་བར་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཨའོ་མིན་གྱི་རྒྱ་ཆེའི་ན་གཞོན་ཚོས་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ་དང་འགན་འཁྲི་ཧུར་ཐག་གིས་འཁུར་རྒྱུར་སྐུལ་ལྕག་བྱས་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཞང་ཀང་གི་སྤྱི་ཚོགས་ལས་རིགས་ཁག་ཏུའང་ཚུར་སྣང་ཆེན་པོ་བྱུང་ཡོད། ཚང་མས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་སྐྱོད་ལམ་གསར་པའི་སྟེང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་བརྟན་པོ་དང་ཡུན་རིང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཡིན་པས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་ལེགས་ཆ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས་ཟེར།

ཤ་བོ་གསེར་མཚོས་བསྒྱུར།