ཟླ12པའི་ཚེས21ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚོགས་འདུར་མགོ་འཛིན་གནང་།
རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི164ཚོགས་འདུར་ཞུགས་པ་དང་། ཚོགས་ཞུགས་མི་གྲངས་དེ་ཁྲིམས་བཀོད་མི་གྲངས་དང་མཐུན།
ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧྲིན་ཁྲུན་ཡའོ་ཡིས་ཕུལ་བའི། འཐུས་མིའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་བཟོ་བཅོས་བརྒྱབ་པའི་སྐོར་གྱི་གནས་ཚུལ་སྙན་ཞུར་ཉན། འཆར་ཟིན་གྱི་ཞིབ་བཤེར་ཐེངས་གཉིས་པའི་མ་ཡིག་ནང་དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་། འཁོར་སྐྱོད་བཅས་ཡག་པོ་བྱེད་པའི་ཁྲོད་ཀྱི་འཐུས་མིའི་ནུས་པ་ཁ་གསལ་བཏོན་ཡོད། རིམ་པ་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་སྒྲུབ་ལས་ཁུངས་དང་ལས་ཀའི་སྒྲིག་གཞི། འཐུས་མིའི་བསམ་འཆར་སྒྲུབ་གཉེར་ལས་ཁུངས་བཅས་ཀྱིས་འཐུས་མིའི་བསམ་འཆར་དང་གྲོས་གཞི་སྒྲུབ་གཉེར་བྱས་པའི་གནས་ཚུལ་སྙན་ཞུ་འབུལ་དགོས་པའི་སྐོར་སྔར་ལས་ཁ་གསལ་བཟོ་རྒྱུ། རྫོང་རིམ་པ་ཡན་གྱི་ས་གནས་རིམ་པ་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དུས་བཅད་ལྟར་རིམ་པ་དེ་གའི་དམངས་ཆེན་འཐུས་མི་རྩ་འཛུགས་བྱས་ཏེ། ཐོག་མའི་འདེམས་ཁུལ་གྱི་འདེམས་དམངས་སམ་ཐོག་མའི་འདེམས་བསྐོའི་ལས་ཁུངས་ལ་འགན་འཁྲི་བསྒྲུབས་ཚུལ་སྙན་ཞུ་འབུལ་བ་སོགས་ཀྱི་ལས་དོན་ཁ་གསལ་བཟོས་ཡོད།
ཚོགས་ཐོག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧི་ཕིང་གིས་ཕུལ་བའི། གནས་ཐང་འཕར་ཁྲལ་གྱི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། འཆར་ཟིན་གྱི་ཞིབ་བཤེར་ཐེངས་གསུམ་གྱིས་ཁྲིམས་འཛུགས་དབང་སྤྲོད་སྔར་ལས་ཚད་ལྡན་དུ་བཏང་བ་དང་། ཁྲལ་བསྡུའི་གཟིགས་སྐྱོང་གི་འབྲེལ་ཡོད་གཏན་འབེབས་སྔར་ལས་འཐུས་ཚང་དུ་བཏང་བ། སྒོ་ཁྲལ་བཅའ་ཁྲིམས་སོགས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་འབྲེལ་མཐུད་ཡག་པོ་བྱུང་བ་སོགས་བྱས་ཡོད།
ཚོགས་ཐོག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཡོན་ཧྲུའུ་ཧུང་གིས་ཕུལ་བའི། ལྟ་ཞིབ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། འཆར་ཟིན་གྱི་ཞིབ་བཤེར་ཐེངས་གཉིས་པའི་མ་ཡིག་ནང་འབྲེལ་ཡོད་བཙན་ཤེད་བྱེད་ཐབས་དང་དེ་མཚུངས་ཀྱི་ཞིབ་མཆན་འགོད་པའི་དབང་ཚད་དང་གོ་རིམ་ཁ་གསལ་བཟོས་ཡོད། འབྲེལ་ཡོད་བཅའ་ཁྲིམས་དང་འབྲེལ་མཐུད་བྱས་ནས། ཁྲིམས་འཛིན་གཞོགས་འདེགས་ཀྱི་འབྲེལ་ཡོད་གཏན་འབེབས་འཐུས་ཚང་དུ་གཏོང་རྒྱུ་དང་། བརྟག་དཔྱད་བྱ་ཡུལ་གྱི་མིའི་རྒྱུ་མཚན་ཞུ་འབུལ་དབང་ཆ་དང་ལྟ་ཞིབ་ལས་ཁུངས་དང་དེའི་ལས་བྱེད་མི་སྣའི་ཁྲིམས་འབྲེལ་འགན་འཁྲི་སོགས་འཐུས་ཚང་དུ་གཏོང་དགོས།
ཚོགས་ཐོག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཀྲོའུ་ཀོང་ཆོན་གྱིས་ཕུལ་བའི། ཚན་རིག་ལག་རྩལ་ཁྱབ་གདལ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། འཆར་ཟིན་གྱི་ཞིབ་བཤེར་ཐེངས་གཉིས་པའི་མ་ཡིག་ནང་ལོ་རེའི་ཟླ་དགུ་པ་དེ་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཟླ་བ་ཡིན་པའི་གཏན་འབེབས་ཁ་སྣོན་བྱས་པ་དང་། འབྲེལ་ཡོད་ཚན་རིག་ཁྱབ་གདལ་གྱི་ཐོན་རྫས་དང་ཞབས་ཞུ། ཚན་རིག་ཁྱབ་གདལ་གྱི་ཆ་འཕྲིན་བཅས་ལ་ཁྲིམས་མཐུན་རང་བཞིན་དང་ཚན་རིག་རང་བཞིན་ལྡན་པ་ལས་གཡོ་ཟོལ་དང་ནོར་འཁྲུལ་གྱི་ནང་དོན་ཡོད་མི་ཆོག་པ། དྲ་རྒྱའི་ལས་སྟེགས་ཀྱིས་ཁྲིམས་འགལ་ཆ་འཕྲིན་ཤེས་རྟོགས་བྱུང་རྗེས་དུས་ཐོག་ཏུ་ཐག་གཅོད་བྱེད་པའི་འགན་འཁྲི་འཁུར་རྒྱུ་ཁ་གསལ་བཟོ་བ་སོགས་ཚུད་ཡོད།
ཚོགས་ཐོག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཞུས་ཧུའེ་ཡིས་ཕུལ་བའི། རྒྱལ་ཁབ་སྤྱི་གླིང་གི་བཅའ་ཁྲིམས་འཆར་ཟིན་ལ་བཟོ་བཅོས་རྒྱག་དགོས་པའི་སྐོར་གྱི་སྙན་ཞུར་ཉན། འཆར་ཟིན་གྱི་ཞིབ་བཤེར་གཉིས་པའི་མ་ཡིག་ནང་ཀྲུང་དབྱང་དང་ས་གནས་ཀྱི་གཅིག་གྱུར་འཆར་འགོད་དང་དེ་བཞིན་ས་གནས་བར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས་པའི་གཏན་འབེབས་ཁ་སྣོན་བརྒྱབ་པ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་རྒྱབ་སྐྱོར་དང་འགན་སྲུང་ལ་སྔར་ལས་ཤུགས་སྣོན་རྒྱག་རྒྱུ། རིགས་གཞན་དག་གི་རང་བྱུང་སྲུང་སྐྱོབ་ཁུལ་རྒྱལ་ཁབ་སྤྱི་གླིང་ས་ཁོངས་སུ་བཅུག་མེད་པའི་ཆ་ཤས་ཐག་གཅོད་ཇི་ལྟར་བྱ་རྒྱུའི་ཐད་གཏན་འབེབས་བཟོ་རྒྱུ་སོགས་ཚུད་ཡོད།
ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་པ་དང་། སྤྱི་དམངས་ཀྱི་ཁྲིམས་སྐྱོང་བྱང་ཚད་དང་སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་གྱི་ཆུ་ཚད་སྔར་ལས་ཚད་མཐོ་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་ཆེད། རྒྱལ་ཡོངས་དམངས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གིས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན། ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དབྱང་ཞའོ་ཁྲའོ་ཡིས་གསལ་བཤད་བྱས།
དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་བཅོས་དང་དཔལ་འབྱོར་རྩ་འཛུགས་སྣ་ཚོགས་དྲང་གཞག་ངང་ཚོང་རའི་འགྲན་རྩོད་ནང་ཞུགས་པར་འགན་ལེན། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་དམངས་གཉེར་དཔལ་འབྱོར་གྱི་ནུས་པ་གལ་ཆེན་འདོན་སྤེལ། དམངས་གཉེར་དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་། སྤུས་ཚད་ལེགས་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཅས་བྱེད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དམངས་གཉེར་དཔལ་འབྱོར་སྐུལ་སྤེལ་གྱི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་གྲོས་གཞི་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་ཧི་རུང་གིས་གསལ་བཤད་བྱས།
དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོབ་དང་གཉེར་སྐྱོང་པ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ལའོ་ཝུན་གྱིས་གསལ་བཤད་བྱས།
ཉ་ལས་ཐོན་ཁུངས་སྲུང་སྐྱོདང་འཕེལ་ཐབས། གསར་འབྱེད། བེད་སྤྱོད་ལུགས་མཐུན་བཅས་བྱ་རྒྱུར་ཤུགས་སྣོན་པ་དང་། ཉ་ལས་ཐོན་སྐྱེད་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ། ཉ་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉ་ལས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་ཞིང་ལས་དང་གྲོང་གསེབ་པུའུ་ཡི་པུའུ་ཀྲང་ཧན་ཅུན་གྱིས་གསལ་བཤད་བྱས།
ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་ཀྱི་འབྲེལ་ཐག་ཧྲིལ་པོ་དང་གོ་རིམ་ཁག་གི་བདེ་འཇགས་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་། བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་ཀྱི་བདེ་འཇགས་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་གཞི་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་འཕྲལ་སྡོམ་དོ་དམ་པུའུ་ཡི་པུའུ་ཀྲང་ཝང་ཞང་ཞི་ཡིས་གསལ་བཤད་བྱས།
ཚོགས་ཐོག་ནས་ཨུ་ཡོན་ཀྲང་གྲོས་ཚོགས་ཀྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་བསྡུ་རྒྱུའི་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་བྱེད་དགོས་པའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་མ་ཁྲའོ་ཞུའེ་ཡིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཙམ་པབ་ཝེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིད་སྐྱེལ་ཆིངས་ཡིག》གི་གྲོས་གཞིར་གྲོས་ཞིབ་དང་ཆོག་མཆན་སྤྲོད་རྒྱུར་འབུལ་རྒྱུའི་སྐོར་གྱི་གསལ་བཤད་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སུའུ་ལི་ནན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིད་སྐྱེལ་ཆིངས་ཡིག》གི་གྲོས་གཞིར་གྲོས་ཞིབ་དང་ཆོག་མཆན་སྤྲོད་རྒྱུར་འབུལ་རྒྱུའི་སྐོར་གྱི་གསལ་བཤད་བྱས།
ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་པཱ་དབྱིན་ཁྲའོ་ལུའུ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཞིན་ཁྲུན་ཡུན། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀྲུང་ཧྲན། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལའོ་ཧྲུའུ་ཀང་། ཕྱིར་སྡོད་རང་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཡུས་ཝའེ་གོ་བཅས་ཀྱིས་ཕུལ་བའི། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཞིབ་བྱ་རྒྱུར་སྤྲད་པའི་འཐུས་མིས་བཏོན་པའི་གྲོས་གཞིར་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན།
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་རིང་འཐུས་མིས་ཕྱོགས་གང་ཅིའི་ལས་དོན་ཐད་ལ་གྲོས་འགོ་དང་སྐྱོན་བརྗོད། བསམ་འཆར་བཅས་བཏོན་པ་ཁྱོན་བསྡོམས9235ཡོད་པ་དག་སྒྲུབ་འགན་འཁུར་མཁན་ལས་ཁུངས213ལ་ཞིབ་འཇུག་དང་བསྒྲུབ་རྒྱུར་ཁྲིམས་ལྟར་སྤྲད་ཡོད། ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀའོ་ཀྲིན་ཧྭ་དང་། རིག་གནས་དང་ཡུལ་སྐོར་པུའུ་ཡི་པུའུ་ཀྲང་སུན་ཡེ་ལིས་ཀྱིས་སོ་སོར་ཕུལ་བའི། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་འཐུས་མིའི་གྲོས་འགོ་དང་སྐྱོན་བརྗོད། བསམ་འཆར་བཅས་གཉེར་ཚུལ་སྐོར་གྱི་སྙན་ཞུར་ཉན། སྙན་ཞུའི་ནང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་རིང་འཐུས་མིས་བཏོན་པའི་གྲོས་འགོ་ཚང་མ་བསྒྲུབས་ཟིན་པར་མ་ཟད། འཐུས་མིར་ལན་གསལ་བོ་བཏབ་ཡོད། སྒྲུབ་འགན་འཁུར་མཁན་ལས་ཁུངས་ཀྱིས་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་པ་དང་། དམངས་ཆེན་འཐུས་མི་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ། འབེན་ཡོད་སར་ཤུགས་འདོན་པ། ལས་དོན་འབད་པས་སྒྲུབ་པ་བཅས་བྱས་ཏེ། འཐུས་མིའི་གྲོས་འགོ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ལ་བདེ་སྐྱིད་སྟེར་བའི་དོན་དངོས་བྱེད་ཐབས་སུ་བསྒྱུར་བར་འབད་བརྩོན་བྱས་ཡོད།
ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དབྱང་ཞའོ་ཁྲའོ་ཡིས་ཕུལ་བའི། འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་ཉན།
ཚོགས་ཐོག་ནས་ད་དུང་བསྐོ་འཐེན་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱས།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་དང་ཝང་ཏུང་མེན། ཞའོ་ཅེ། ཀྲིན་ཅན་པང་། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚའེ་ཏཱ་ཧྥུན། ཧི་ཝའེ། ཝུའུ་ཝའེ་ཧྭ། ཐེ་ཉིན། ཕེང་ཆིང་ཧྭ། ཀྲང་ཆིང་ཝའེ། བློ་བཟང་རྒྱལ་མཚན། ཞོལ་ཁེ་ལའེ་ཐིས·ཀྲ་ཁི་ཨར་བཅས་དང་དྲུང་ཡིག་ཆེན་མོ་ལིའུ་ཆི་ཚོགས་འདུར་ཞུགས།
རྒྱལ་སྲིད་ཨུ་ཡོན་ཝུའུ་ཀྲིན་ལུང་དང་། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་དབྱིན་ཡུང་། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན། རྒྱལ་ཡོངས་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན། ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་གྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཁག་གཅིག འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཟུར་ཞུགས་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།