དམངས་གཉེར་དཔལ་འབྱོར་གྱི་འཐུས་ཚབ་མི་སྣས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཚེས19ནས་ཚེས21ཉིན་བར་པེ་ཅིང་དུ་བསྒྲུབས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥུན་མགོ་རྩོམ་མཛད་སྒོར་ཞུགས་ཏེ་གཏམ་བཤད།
ཧྲི་ཐའེ་ཧྥུན་གྱིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་རྗེས་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། དམངས་གཉེར་དཔལ་འབྱོར་གྱི་འཐུས་ཚབ་མི་སྣས་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། དཔལ་འབྱོར་གྱི་གནས་བབ་ལ་ངོས་འཛིན་ཡང་དག་བྱེད་པ། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། འཕེལ་རྒྱས་ཀྱི་ཁ་ཕྱོགས་འཕྱུགས་མེད་སྒོས་འཛིན་པ། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་དཔལ་འབྱོར་གནས་བབ་སྐོར་གྱི་ཚན་རིག་དང་མཐུན་པའི་བརྡར་གཅོད་དང་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་བྱས།
ཧྲི་ཐའེ་ཧྥུན་གྱིས་དམངས་གཉེར་དཔལ་འབྱོར་གྱི་འཐུས་ཚབ་མི་སྣས་ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་ལ་སྔར་ལས་ཤུགས་བསྣན་ཏེ། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིངཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ་དང་། གསར་གཏོད་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། དེང་རབས་ཀྱི་ཁེ་ལས་ལམ་ལུགས་མགྱོགས་མྱུར་ངང་འཛུགས་པ། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་རྒྱུར་སྣེ་ཁྲིད་བྱེད་པ། ལས་ཞུགས་བརྟན་པོ་དང་འབབ་འཕར་ལ་སྐུལ་འདེད་གང་ལེགས་གཏོང་བ། ཆབ་སྲིད་དང་ཚོང་དོན་འབྲེལ་བ་རང་རྟོགས་ངང་ལག་བསྟར་བྱེད་པ། ཁེ་ལས་བདེ་ཐང་ངང་འཕེལ་རྒྱས་དང་མི་སྒེར་བདེ་ཐང་ངང་འཚར་ལོངས་ཡོང་བ་བཅས་བྱས་ཏེ། དུས་རབས་ཀྱི་ལས་འགན་ལྕི་མོ་ཁུར་ཕོད་པའི་ཕུལ་བྱུང་དམངས་གཉེར་ཁེ་ལས་མཁས་ཅན་ཞིག་བྱ་རྒྱུར་བརྩོན་ལེན་བྱེད་དགོས་ཟེར།
ད་ཐེངས་ཀྱི་བགྲོ་གླེང་འཛིན་གྲྭ་དེ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པ་དང་། རྒྱལ་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་འཐུས་མི80ལྷག་ཞུགས་ཡོད། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་གཞུང་སྒྲུབ་ཁང་དང་། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཚན་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཚོང་དོན་པུའུ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཆེད་དོན་སློབ་ཁྲིད་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚན་ཆུང་བགོས་ནས་གྲོས་བསྡུར་བྱེད་པའི་ལས་རིམ་ཁྲོད་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།