རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།
2024.12.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 118

ཚེས22ཉིན་གྱི་སྔ་དྲོ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་གྲོས་ཚོགས་སུ་ཞུགས།

ཚེས22ཉིན་གྱི་སྔ་དྲོ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་གྲོས་ཚོགས་སུ་ཞུགས།

ཨུ་ཡོན་ཀྲང་གཞོན་པ་ཀྲིན་ཅན་པང་གིས་ཚོགས་འདུར་མགོ་འཛིན་བྱས།     རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི164གྲོས་ཚོགས་སུ་ཞུགས་པ་དང་ཚོགས་ཞུགས་མི་གྲངས་དེ་ཁྲིམས་བཅད་མི་གྲངས་དང་མཐུན།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཕིན་ཆིན་ཧྭ་ཡིས་ཕུལ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཁེ་ལས་ཀྱི་རྒྱལ་དབང་རྒྱུ་ནོར་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱེད་པའི་སྐོར་གྱི་སྙན་ཞུར་ཉན།     སྙན་ཞུའི་ནང་ཁྲིམས་འཛིན་ཞིབ་བཤེར་གྱི་གཞི་རྩའི་གནས་ཚུལ་དང་། བཅའ་ཁྲིམས་ལག་བསྟར་ལ་ཐོབ་པའི་ཕན་འབྲས་དང་གནས་པའི་དཀའ་ངལ་དང་གནད་དོན་གཙོ་བོ་བཅས་ངོ་སྤྲོད་བྱས་པ་མ་ཟད། བཅའ་ཁྲིམས་ལག་བསྟར་ལ་སྔར་ལས་སྐུལ་འདེད་གཏོང་བའི་བསམ་འཆར་དང་གྲོས་གཞི་བཏོན་པ་སྟེ།    བདག་དབང་གསལ་བོ་ཡིན་པའི་རྩ་དོན་གཞིར་བཟུང་ནས། རྒྱལ་དབང་ཁེ་ལས་དང་རྒྱལ་དབང་མ་རྩའི་མངགས་བཅོལ་ལས་ཚབ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།  དེང་རབས་ཀུང་སི་བཅོས་སྐྱོང་འཐུས་ཚང་དུ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་མགྱོགས་མྱུར་སྒོས་འཐུས་ཚང་དུ་གཏོང་བ།     བཀོད་པ་ལེགས་སྒྱུར་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ།    རྒྱལ་དབང་དཔལ་འབྱོར་གྱི་འཐབ་ཇུས་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རྨང་གཞིའི་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས་རྒྱལ་དབང་རྒྱུ་ནོར་གྱི་བདེ་འཇགས་ལ་སྔར་ལས་ལེགས་པའི་སྒོ་ནས་སྲུང་སྐྱོབ་བྱེད་པ། རྒྱལ་ཁབ་ལ་དབང་བའི་མ་རྩའི་ཕན་ཁེའི་དོ་དམ་འཐུས་ཚང་དུ་བཏང་སྟེ། འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་སྔར་ལས་ལེགས་པར་མཚོན་པ།     ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་འཛུགས་པ་དང་།    རྒྱལ་ཁབ་ལ་དབང་བའི་མ་རྩ་དང་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་ལྟ་སྐུལ་དོ་དམ་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་རེད།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་གིས་ཕུལ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས་རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུར་ཉན།     སྙན་ཞུའི་ནང་བཅའ་ཁྲིམས་ལག་བསྟར་བྱས་པའི་གཞི་རྩའི་གནས་ཚུལ་དང་གནས་པའི་དཀའ་ངལ་དང་གནད་དོན་གཙོ་བོ་ངོ་སྤྲོད་བྱས་པ་མ་ཟད། བཅའ་ཁྲིམས་ལག་བསྟར་ལ་ཤུགས་སྣོན་པའི་བསམ་འཆར་དང་གྲོས་གཞི་བཏོན་པ་སྟེ།    རྨ་ཆུ་སྲུང་སྐྱོབ་ཀྱི་མཉམ་ཤུགས་སྔར་ལས་གཅིག་ཏུ་བསྡུས་ནས་རྨ་ཆུར་སྲུང་སྐྱོབ་དང་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་།     ཆུ་གྲོན་ཆུང་དང་ཆུ་ཚོད་འཛིན་གཏིང་ཟབ་བྱས་ཏེ་ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱིས་བེད་སྤྱོད་བྱེད་པའི་ཚད་ཇེ་དྲག་ཏུ་གཏོང་བ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོར་ཤུགས་སྣོན་པ་དང་།    རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པ།     སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་བརྒྱབ་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ།     ཆུ་དང་བྱེ་མ་སྙོམས་སྒྲིག་དང་གནོད་འགོག་གནོད་སེལ་གྱི་ནུས་པ་རྒྱུན་མཐུད་ངང་ཇེ་ཆེར་བཏང་སྟེ་རྨ་ཆུ་ཡུན་རིང་དུ་བརྟན་འཇགས་སུ་གཏོང་བར་དངོས་གནས་འགན་སྲུང་བྱེད་པ།     ལྗང་མདོག་ཐཱན་ཉུང་ཚུལ་བསྒྱུར་ཇེ་མགྱོགས་སུ་གཏོང་བ་དང་།    རྨ་ཆུའི་འབབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།     རྨ་ཆུའི་རིག་གནས་སྲུང་སྐྱོབ་དང་དར་སྤེལ་གཏོང་བ་དང་།    ལོ་རྒྱུས་ཀྱི་རིག་གནས་འབྱུང་གཞི་དང་མི་རིགས་ཀྱི་རྩ་བ་རྒྱུན་འཛིན་ཡག་པོ་བྱེད་པ་བཅས་རེད།

གྲོས་ཚོགས་ལས་རྩིས་བཤེར་ཁང་གི་རྩིས་བཤེར་དཔོན་ཧོའུ་ཁའེ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར2023ལོ་འཁོར་གྱི་ཀྲུང་དབྱང་གི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་གི་རྩིས་བཤེར་ཞིབ་བཤེར་རྩད་ཆོད་ཀྱི་གནད་དོན་དག་ཐེར་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན།  སྙན་ཞུའི་ནང2023ལོའི་ལོ་འཁོར་གྱི་རྩིས་བཤེར་དག་ཐེར་བྱ་བའི་བཀོད་སྒྲིག་དང་ཕན་འབྲས། རྩིས་བཤེར་ལས་རྩད་ཆོད་པའི་གནད་དོན་དག་ཐེར་བྱས་ཚུལ་བཅས་ངོ་སྤྲོད་བྱས།    2024ལོའི་ཟླ9པའི་ཟླ་མཇུག་བར་འབྲེལ་ཡོད་ས་གནས་དང་སྡེ་ཁག ལས་ཁུངས་བཅས་ཀྱིས་བསྡོམས་པའི་གནད་དོན་སྒོར་ཁྲག་ཁྲིག་ཆེན་མོ་ལྔ་དང་ཁྲག་ཁྲིག་གསུམ་ཐེར་ཆེན་བརྒྱད་ལྷག་ཙམ་དག་ཐེར་བྱས་པ་དང་།    སྒྲིག་སྲོལ་ལམ་ལུགས་སྣ1300ལྷག་ཙམ་བཟོས་ནས་འཐུས་ཚང་དུ་བཏང་ལ།    མི2800ལྷག་ཙམ་ལ་འགན་འཁྲི་བདའ་འདེད་བྱས།  གོ་རིམ་རྗེས་མར་དག་ཐེར་གྱི་འགན་འཁྲི་སྔར་ལས་གཟབ་ནན་དུ་གཏོང་བ་དང་འགན་འཁྲི་བདའ་འདེད་ཀྱི་མཚོན་ཆ་ཡག་པོ་སྤྱོད་པ་དང་། གཅིག་ཤེས་ཀུན་གྲོལ་གྱི་བྱ་བ་ཡག་པོ་བསྒྲུབས་ནས་དུས་ཐོག་ཏུ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།    སྐྱོན་ཆ་འགོག་པ།    ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་བཅས་བྱ་རྒྱུ་རེད།

གྲོས་ཚོགས་ལས་ནོར་སྲིད་པུའུ་ཡི་པུའུ་ཀྲང་ལན་ཧྥོ་ཨན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་ཕུལ་བའི་ནོར་སྲིད་ཀྱི་གནོད་འཚེ་སྔོན་འགོག་དང་ཇེ་ཉུང་དུ་གཏོང་བ་དང་། དེ་མིན་འཕྲལ་སྒྲུབ་དོ་དམ་མ་དངུལ་བགོ་བཤའ་དང་བེད་སྤྱོད་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན།     སྙན་ཞུའི་ནང་ནོར་སྲིད་ཀྱི་གནོད་འཚེ་སྔོན་འགོག་དང་ཇེ་ཉུང་དུ་གཏོང་བ་དང་། དེ་མིན་འཕྲལ་སྒྲུབ་དོ་དམ་གྱི་མ་དངུལ་གཏོང་ཚུལ་དང་།    བགོ་བཤའ་དང་བེད་སྤྱོད་ཀྱི་ཕན་འབྲས།    གནས་པའི་གནད་དོན་གཙོ་བོ་བཅས་ངོ་སྤྲོད་བྱས་པ་མ་ཟད། གོ་རིམ་རྗེས་མའི་བྱ་བའི་ཐད་ནོར་སྲིད་ཀྱི་ལམ་ལུགས་དང་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་།    མ་དངུལ་གཏོང་ཕྱོགས་ཇེ་ལེགས་སུ་གཏོང་བ།    ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་མ་དངུལ་དོ་དམ་བྱེད་པ།    མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་ལས་རང་བྱུང་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་གཞོན་པ་ལིའུ་གོ་ཧུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར་ཕུལ་བའི་རྨོ་ཞིང་སྲུང་སྐྱོབ་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན།     སྙན་ཞུའི་ནང་རྒྱལ་ཡོངས་ཀྱི་རྨོ་ཞིང་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་གནས་ཚུལ་མདོར་བསྡུས་དང་།    བྱ་བའི་གནས་ཚུལ་གཙོ་བོ།    དེ་མིན་ཐོབ་པའི་གྲུབ་འབྲས་བཅས་ངོ་སྤྲོད་བྱས་པ་དང་།    འཕྲད་པའི་དཀའ་ངལ་དང་གནད་དོན་དག་ཐེར་བྱས།    གོ་རིམ་རྗེས་མའི་བྱ་བའི་འཆར་གཞི་བཏོན་པ་སྟེ། རྨོ་ཞིང་གི་སྤྱི་འབོར་བརྟན་པོ་ཡོང་བ་བྱས་ནས་རྨོ་ཞིང་མུའུ་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ཡོད་པ་དེ་མིང་དོན་མཚུངས་པའི་ཁག་ཐེག་བྱེད་པ།     རྨོ་ཞིང་གི་སྤུས་ཚད་མཐོ་རུ་བཏང་ནས་ནུས་ཤུགས་ཡོད་རྒུས་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་བ།     ཁྲིམས་འཛིན་ལ་ལྟ་སྐུལ་ནན་མོ་བྱས་ནས་རིམ་པ་སོ་སོའི་རྨོ་ཞིང་སྲུང་སྐྱོབ་ཀྱི་འགན་འཁྲི་ལེགས་པོར་འཁུར་བ་དང་།     བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་རྨོ་ཞིང་གི་སྐྱེ་ཁམས་སྲུང་སྐྱོབ་ལ་དངོས་གནས་ཤུགས་སྣོན་པ།     རྒྱུན་མཐུད་བེད་སྤྱོད་ཤུགས་ཆེར་གཏོང་བ་དང་།    ཞིང་ལས་ཀྱི་ཐོན་སྐྱེད་བར་སྟོང་སྲ་བརྟན་དང་རྒྱ་བསྐྱེད་པ་བཅས་རེད།

གྲོས་ཚོགས་ལས་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིའུ་ཅིན་གོ་ཡིས་ཕུལ་བའི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྒྲིག་བྱེད་པའི་བྱ་བ་སྤེལ་ཚུལ་སྐོར་གྱི་སྙན་ཞུར་ཉན།  སྙན་ཞུའི་ནང་ངོ་སྤྲོད་བྱས་པ་ལྟར་ན།    ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་པའི་ཚུན་ལ།    རྒྱལ་ཡོངས་ཀྱི་ལྟ་ཞིབ་ལས་ཁུངས་ཀྱིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་འབུམ་བདུན་དང་ཁྲི་དྲུག་སྟོང་བརྒྱད་ཞིབ་བཤེར་ཐག་གཅོད་བྱས་པ་དང་མི་འབུམ་དྲུག་དང་ཁྲི་གཉིས་སྟོང་བརྒྱད་ལ་ཆད་པ་བཅད།    ཞིབ་དཔྱོད་ལས་ཁུངས་ལ་མི་ཁྲི་གཉིས་རྩིས་སྤྲོད་བྱས་པས། མང་ཚོགས་ལ་སྤྱོད་ཚུལ་བཟང་པོ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ།  སྲོལ་བཟང་སྤྱོད་གཙང་ཉེ་འགྲམ་དུ་གནས་པའི་མྱོང་ཚོར་ཟབ་མོ་བྱུང་དུ་བཅུག    སྙན་ཞུའི་ནང་ཕྱོགས་སོ་སོའི་འགན་འཁྲི་སྔར་ལས་གཟབ་ནན་དུ་གཏོང་བ་དང་།    ཧུར་ཐག་གིས་རྒྱུན་རྣམ་དང་ཡུན་ཕན་གྱི་བཅོས་སྒྲིག་ཆུ་ཚད་མཐོ་རུ་གཏོང་བ།    ཆད་གཅོད་ཀྱི་གཟབ་ནན་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ།    གཙོ་གནད་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། གྲུབ་འབྲས་དངོས་ཀྱི་ཕན་འབྲས་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་ཚད་ལ་བརྟེན་ནས་ཞིབ་བཤེར་བཅོས་སྒྲིག་གི་བྱ་བ་སྤེལ་དགོས་ཞེས་བསྟན།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲིན་ཁྲུན་ཡའོ་ཡིས་ཕུལ་བའི2024ལོའི་ཐོ་འགོད་ཞིབ་བཤེར་བྱ་བ་སྤེལ་ཚུལ་སྐོར་གྱི་སྙན་ཞུར་ཉན། སྙན་ཞུའི་ནང་བསྟན་དོན། 2024ལོར་ཐོ་འགོད་སྙན་ཞུའི་ཁྲིམས་སྲོལ་དང་ཁྲིམས་འཛིན་འགྲེལ་བཤད་སོགས་ཚད་ལྡན་རང་བཞིན་གྱི་ཡིག་ཆ1999འབྱོར་བ་དང་། སྤྱི་དམངས་དང་རྩ་འཛུགས་ཀྱིས་བཏོན་པའི་ཞིབ་བཤེར་གྲོས་འགོ5682འབྱོར་ཡོད། ཏང་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཐོ་འགོད་ཞིབ་བཤེར་ལམ་ལུགས་དང་འབྲེལ་ཡོད་བྱ་བའི་བཅའ་ཁྲིམས་གཏན་འབེབས་འཐུས་ཚང་དུ་གཏོང་དགོས།     སྙན་ཞུར་འགོད་པའི་བྱ་བར་ཤུགས་བསྣན་ཏེ་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སོ་སོ་ཐོ་འགོད་སྙན་ཞུའི་ཁྱབ་ཁོངས་ནང་འཇུག་དགོས།     ཞིབ་བཤེར་དང་ནོར་འཁྲུལ་ཡོ་བསྲང་གི་བྱ་བ་ནན་ཏན་གྱིས་ལེགས་པར་བསྒྲུབས་ནས་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་སྲུང་སྐྱོང་བྱ་དགོས།  ཧུར་ཐག་གིས་གཅིག་བསྡུས་ཀྱིས་གཙང་བཤེར་དང་རྗེས་སྙེག་ལྟ་སྐུལ་བྱ་བ་སྤེལ་ནས་རྒྱལ་ཁབ་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་བྱ་དགོས།     ཐོ་འགོད་ཞིབ་བཤེར་ལམ་ལུགས་དང་ནུས་པ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཐོ་འགོད་ཞིབ་བཤེར་བྱ་བའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།     ཞང་ཀང་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གཉིས་ཀྱི་ས་གནས་ཀྱི་བཅའ་ཁྲིམས་ཐོ་འགོད་སྙན་ཞུའི་ཞིབ་བཤེར་བྱ་བ་ནན་ཏན་གྱིས་ལེགས་པར་བསྒྲུབ་དགོས་ཞེས་བསྟན་ཡོད།     སྙན་ཞུའི་ནང་ད་དུང2025ལོའི་བྱ་བར་བསམ་གཞིག་རགས་ཙམ་བྱེད་དགོས་ལུགས་བཏོན་ཡོད།

གྲོས་ཚོགས་ལས་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཕུའུ་ཐའོ་ཡ་དང་སི་ཕེན།    ཞི་ལ་བཅས་ལ་འཚམས་འདྲི་གནང་བའི་གནས་ཚུལ་སྐོར་གྱི་ཡིག་ཐོག་གི་སྙན་ཞུར་གྲོས་ཞིབ་བྱས།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཏུང་མེན་དང་།  ཞའོ་ཅེ།    ཏེན་ཀྲུང་ལིས།    ཧའོ་མིན་ཅིན།    ཚའེ་ཏ་ཧྥིན།    ཧི་ཝེ།    ཝུའུ་ཝེ་ཧྭ།    ཐེ་ཉིན།    ཀྲང་ཆིན་ཝེ།    བློ་བཟང་རྒྱལ་མཚན།    ཞོ་ཁི་ལའེ་ཐི·ཀྲ་ཁི་ཨར་བཅས་དང་། དྲུང་ཡིག་ཆེན་མོ་ལིའུ་ཆི་བཅས་གྲོས་ཚོགས་སུ་ཞུགས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥིན་དང་།    ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན།    ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་དབྱིན་ཡུང་།    རྒྱལ་ཡོངས་དམངས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཁོངས་མི།    ཞིང་ཆེན་དང་རང་སྐྱོང་ལྗོངས།    གྲོང་ཁྱེར་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན།    ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ།    རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཁག་ཅིག འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སོགས་གྲོས་ཚོགས་སུ་ཞུགས།

ཤ་བོ་རིན་མཚོས་བསྒྱུར།