རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་དམ་བཅའི་མཛད་སྒོ་བསྡུས།
2024.12.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ12པའི་ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་དམ་བཅའི་མཛད་སྒོ་བསྡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་གནང་།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེ་མིན་སྡེ་ཁག་སོ་སོས་བསྐོ་གཞག་བྱས་པའི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣའི་རྩ་ཁྲིམས་དམ་བཅའི་རྩ་འཛུགས་བྱེད་ཐབས》གཞིར་བཟུང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྐོ་གཞག་བྱས་པའི་སྡེ་ཁག་དང་ལས་ཁུངས35ཡི་འགན་འཁུར་པ45ཡིས་ཁྲིམས་ལྟར་རྩ་ཁྲིམས་ལ་དམ་བཅའ་བཞག

སྔ་དྲོའི་ཆུ་ཚོད9པར། རྒྱལ་སྲིད་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་ཝུའུ་ཀྲིན་ལུང་གིས་རྩ་ཁྲིམས་དམ་བཅའི་མཛད་སྒོའི་མགོ་བརྩམས་པ་ཁྱབ་བསྒྲགས་གནང་།     ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།     དེའི་རྗེས་དམ་བཅའ་འཇོགཔར་སྣེ་ཁྲིད་བྱེད་མཁན་གྱིས་རྩ་ཁྲིམས་སྟེང་ལག་པ་བཞག་སྟེ་དམ་ཚིག་སྒྲོག་པར་སྣེ་ཁྲིད་བྱས་པ་དང་། དམ་བཅའ་འཇོག་མཁན་གཞན་དག་གིས་རུ་བསྒྲིགས་ནས་ཡར་ལངས་ཏེ་དམ་ཚིག་བཏོན།

དམ་བཅའ་བཞག་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་གསུང་བཤད་གནང་།     ཁོང་གིས་ནན་གྱིས་བསྟན་དོན། དམ་བཅའ་སེམས་ལ་བརྟན་པོར་བཅངས་ཏེ་འབད་འཐབ་ལྷོད་མེད་ཀྱི་ཐོག་ནས་ལག་བསྟར་བྱེད་པ་དང་། བྱས་རྗེས་ཐུན་མོང་མ་ཡིན་པ་བཞག་ནས་དོན་འཁྱོལ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་།    ལག་ལེན་ལ་མཛུབ་ཁྲིད་བྱེད་པ།    བྱ་བར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།    “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།    “སྲུང་སྐྱོང་གཉིས”ལེགས་པར་སྒྲུབ་པ་བཅས་བྱེད་དགོས།  ཐོག་མཐའ་བར་གསུམ་དུ་རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ་དང་།    སྣེ་ཁྲིད་དེ་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་བྱེད་པ།    ཁྲིམས་སྐྱོང་གི་སྙིང་སྟོབས་བརྩི་སྲུང་བྱེད་པ།    ཁྲིམས་ལྟར་སྲིད་འཛིན་ནན་མོ་བྱེད་པ་བཅས་བྱས་ནས་ཁྲིམས་སྐྱོང་གི་དགོངས་པ་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།  ཐོག་མཐའ་བར་གསུམ་དུ་སྤྱོད་གཙང་རང་གཅུན་ཐུབ་པར་བྱས་ནས་ཡང་དག་པའི་དབང་ཆའི་ལྟ་བ་དང་།    སྲིད་འབྲས་ལྟ་བ།    ལས་དོན་ལྟ་བ་བཅས་བཙུགས་ཏེ། རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱས་ནས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གྱི་མིག་དཔེ་བྱེད་དགོས།

ལིས་ཆང་གིས་བསྟན་དོན། སང་ལོར་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་ལ་འཕྲད་ཡོད་པས།    ནུས་ཤུགས་ཡོད་རྒུས་དཀའ་ངལ་ལ་མི་འཛེམས་པར་མདུན་དུ་སྐྱོད་པ་དང་འགན་འཁྲི་ཁུར་ནས་བཅོས་སྒྱུར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།     གཅིག་ནས་བྱ་བ་དངོས་བསྒྲུབ་རྒྱུ་སྔོན་ལ་འཇོག་པ་དང་སྙིང་སྟོབས་ཆེ་རུ་བསྐྱེད་དགོས། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་བསྒྲུབ་རྒྱུ་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཞིབ་ཕྲ་ཅན་དང་།    དངོས་ཡོད་ཅན་དུ་འགྱུར་བར་བྱས་ནས། བྱ་བ་རེ་རེ་བཞིན་དམ་འཛིན་ནན་མོ་དང་ཕན་འབྲས་ཐོན་པར་བྱེད་དགོས།  ངེས་གཏན་མིན་པའི་རྒྱུ་རྐྱེན་སྣ་ཚོགས་དང་དུས་ཚོད་བརྩོན་ལེན་བྱས་ཏེ།    གཏན་འཁེལ་བྱས་ཟིན་པའི་བྱ་བ་སྔ་ཙམ་ནས་སྒྲུབ་ཐུབ་ན་སྔ་ཙམ་ནས་སྒྲུབ་པ་ལས་འཕྱི་མི་རུང་ལ།    སྐུལ་འདེད་མགྱོགས་པོ་བཏང་ནས་དཔལ་འབྱོར་བསྐྱར་འཕེལ་བཟང་ཕྱོགས་སུ་འཕེལ་ཚུལ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས།     མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ།    མང་ཚོགས་དང་ཁེ་ལས་ཀྱི་རེ་ཞུ་ལ་རང་འགུལ་གྱིས་རྒྱུས་ལོན་བྱེད་པ་དང་།    ཧུར་ཐག་གིས་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱ་དགོས།  གཉིས་ནས་བཅོས་སྒྱུར་མཁྲེགས་གཏོར་དང་གསར་གཏོད་བྱེད་ཕོད་དགོས།     ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།    དཀའ་གནད་ལ་ཐུག་ཚེ་ཕྱིར་བཤོལ་མི་བྱེད་པ་དང་།    འགལ་བར་ཐུག་ཚེ་གཡོལ་ཐབས་མི་བྱེད་པ།    བསམ་གཞིགས་ཀྱི་གོམས་གཤིས་ལས་བརྒལ་ཕོད་པ།   ཧུར་ཐག་གིས་ཕན་ནུས་ལྡན་པའི་བྱ་བའི་བྱེད་ཐབས་ལ་འཆར་འགོད་བཅས་བྱས་ཏེ།    བཅོས་སྒྱུར་གྱི་ལས་འགན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།  གསུམ་ནས་གོམ་གང་མདུན་དུ་སྤོས་ནས་མཐུན་སྦྱོར་ལ་ཤུགས་སྣོན་དགོས།     སྡེ་ཁག་སོ་སོ་དང་ས་གནས་སོ་སོས་རང་རྟོགས་ངང་སྤྱི་ཡོངས་ལ་བསམ་གཞིགས་གཏོང་བ་དང་བྱ་སྤྱོད་སྤེལ་ནས། རང་འགུལ་ངང་འབྲེལ་གཏུག་དང་ཕན་ཚུན་རོགས་འདེགས་བྱས་ཏེ་བྱ་བའི་མཉམ་ཤུགས་ཆགས་པར་བྱེད་དགོས།   ཁོང་གིས་ནན་གྱིས་བསྟན་དོན།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་མགོ་ཁྲིད་འོག སྤྲོ་སེམས་ཆེན་པོ་དང་སྤྱོད་ཚུལ་སྔར་ལས་ཏན་ཏིག་གི་སྒོ་ནས་གྲུབ་འབྲས་ཕུལ་བྱུང་བླངས་ཏེ།    རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགོ་ཁྲིད་བློ་མཐུན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སོགས་གྲོས་ཚོགས་སུ་ཞུགས།

ཤ་བོ་རིན་མཚོས་བསྒྱུར།