ཟླ12ཚེས23ཉིན། མཚོ་སྔོན་ཞིང་ཆེན་བུད་མེད་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་འཚོགས་མགོ་བརྩམས། གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བུད་མེད་དང་བྱིས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཐད་ཀྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ལ། འདས་པའི་ལོ་ལྔའི་མཚོ་སྔོན་གྱི་བུད་མེད་ལས་དོན་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བར་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་རྩོམ་པར་བུད་མེད་ཀྱི་སྟོབས་ཤུགས་འབུལ་དགོས་པ་བསྟན།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཧྥིན་ལིན་གཉིས་ཀྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས། ཞིང་ཆེན་གྱི་མགོ་ཁྲིད་ལིའུ་ཆི་ཧྥན་དང་། ལིའུ་མཱེ་ཕེན། ཝང་ཝེ་ཏུང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝང་ཏ་ནན། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན། པད་ཁོ། ཀྲུའུ་ཞང་ཧྥིན། ཧི་ལུའུ་ཁྲུན། དབྱང་ཧྥིན་ཁྲུན། ཝང་ཧའེ་ཧུང་། ལིས་ཞའོ་ནན་བཅས་གྲོས་ཚོགས་སུ་ཞུགས།
ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཚབ་བྱས་ཏེ་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། འཐུས་མི་ཡོངས་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བུད་མེད་དང་བུད་མེད་ཀྱི་བྱ་བ་སྒྲུབ་མཁན་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས། ཁོས་ཞིང་ཆེན་བུད་མེད་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་འཚོགས་པའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་དང་དངོས་འབེབས་བྱས་ཤིང་། སེམས་ཤུགས་མཉམ་འདོན་གྱིས་ཏང་གི་བུད་མེད་བྱ་བ་ལེགས་པོར་སྒྲུབ་པ་དང་། རྒྱ་ཆེའི་བུད་མེད་རྣམས་ལ་བསམ་བློའི་སྟེང་ཁྲིད་སྟོན་དང་འཚོ་བའི་སྟེང་སེམས་ཁུར། བྱ་བར་སྐུལ་སློང་དང་བརྩེ་སེམས་བརྗེ་རེས་བྱས་ཏེ། མཚོ་སྔོན་གྱི་བུད་མེད་ལས་དོན་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བས་འཕེལ་རྒྱས་གསར་པ་དང་འཕེལ་རིམ་གསར་པ་མངོན་འགྱུར་བྱས་ནས། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་ཀྱི་སྤྱི་ཡོངས་བརྟན་འཇགས་ཐད་ལ་བྱས་རྗེས་གལ་ཆེན་བཞག་ཡོད་ཅེས་བསྟན།
ཁྲིན་ཀང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བུད་མེད་ཀྱི་བྱ་བར་ཚད་མཐོའི་མཐོང་ཆེན་དང་སྐུལ་འདེད་ཧུར་ཐག་བཏང་སྟེ། བསམ་ཕྱོགས་གསར་བ་དང་ལྟ་བ་གསར་བ། བརྡར་གཅོད་གསར་བ་རབ་དང་རིམ་པ་བཏོན་ནས། དུས་རབས་གསར་པའི་སྐྱོད་ལམ་གསར་པར་བུད་མེད་དང་བྱིས་པའི་ལས་དོན་ཡག་པོར་སྒྲུབ་པར་གཞི་རྩའི་བསྲུང་བྱ་དང་འགུལ་སྐྱོད་ཕྱོགས་སྟོན་འདོན་སྤྲོད་བྱས་ནས། རང་རྒྱལ་གྱི་བུད་མེད་ལས་དོན་ཐད་སྣེ་ཁྲིད་ཀྱིས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། མིག་སྔར། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་དེད་དེ་ངར་ཤུགས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད་ལ། རྒྱ་ཆེའི་བུད་མེད་དང་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་ཡིད་ལ་བཟུང་སྟེ། ཆབ་སྲིད་ཀྱི་སྣེ་ཁྲིད་ཤུགས་དྲག་ཏུ་གཏོང་བའི་ཁྲོད་བུད་མེད་ཀྱི་བློ་སྤོབས་བསྐྱེད་པ་དང་། འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱེད་པ་དང་དེར་ཞབས་འདེགས་ཞུ་བའི་ཁྲོད་དུ་སྤོབས་པ་ཆེན་པོས་བུད་མེད་ཀྱི་བྱས་རྗེས་འཇོག་བཞིན་ཡོད་ལ། བདེ་སྐྱིད་ཀྱི་འཚོ་བ་མཉམ་སྐྲུན་བྱེད་པའི་ཁྲོད་དུ་བུད་མེད་མཛངས་མའི་མཛེས་ཉམས་མངོན་བཞིན་ཡོད་ཅིང་། འབྲེལ་ཟམ་དང་སྒྲོག་ཐག་ལྟ་བུའི་ནུས་པ་འདོན་པའི་ཁྲོད་དུ་བུད་མེད་ཀྱི་ནུས་པ་མཐོར་འདེགས་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པའི་ལས་ཡུལ་གཙོ་བོར་འབད་པ་ལྷུར་ལེན་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བཞིན་ཡོད། རླབས་ཆེན་གྱི་དར་ཆ་མཐོ་རུ་སྒྲེང་སྟེ། ཆབ་སྲིད་ཀྱི་སྟེང་ནས་དམིགས་སུ་འཛིན་མཁས་དང་བསམ་བློའི་སྟེང་ནས་མགོ་རྩོམ་མཁས། བུད་མེད་ཀྱི་ཁྱད་ཆོས་དང་བསྟུན་མཁས་བྱས་ནས། བུད་མེད་ཀྱི་བསམ་བློའི་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་སྒྱུར་བཅོས་བྱེད་པ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་ལས་ཡུལ་ལེགས་པོར་བསྐྲུན་པ་དང་བཀོལ་སྤྱོད་བཟང་པོ་བྱེད་དགོས། དུས་རབས་ཀྱི་བརྗོད་གཞི་ཁོང་དུ་ཆུད་པར་བྱས་ཏེ། རྒྱ་ཆེའི་བུད་མེད་རྣམས་ལ་མཐུན་སྒྲིལ་དང་སྐུལ་སློང་སྣེ་ཁྲིད་བྱས་ཏེ་ཁོ་མོ་ཚོས་རང་འགུལ་གྱིས་མི་སྒེར་གྱི་ཕུགས་བསམ་དང་ཁྱིམ་ཚང་གི་བདེ་སྐྱིད། ལས་དོན་འཕེལ་རྒྱས་བཅས་ཀྱི་བུད་མེད་ཀྱི་རེ་འདུན་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པའི་རླབས་ཆེན་གྱི་ལས་དོན་ཁྲོད་འདྲེས་པར་བྱེད་དགོས། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། བུད་མེད་ལ་སེམས་ཁུར་གཅེས་སྐྱོང་བྱེད་པའི་འགུལ་སྐྱོད་དང་། སློབ་བྱོལ་བཀག་སྡོམ་དང་སློབ་ཞུགས་འགན་སྲུང་གི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་རྒྱུན་མཐུད་ངང་སྤེལ་བ་དང་། གྲོང་གསེབ་དང་འབྲོག་ཁུལ་གྱི་ཡུལ་སྲོལ་བརྗེ་སྒྱུར་ལ་ཁ་ཕྱོགས་པའི་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་ཐོབ་པར་བྱེད་པ་དང་། སྣེ་ཁྲིད་ནས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་དགོས། བཅོས་སྒྱུར་གསར་གཏོད་གཏིང་ཟབ་ཏུ་བྱས་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དང་དེའི་བྱ་བ་ཁེ་ལས་གཉིས་དང་གསར་པ་གསུམ་གྱི་ཁྱབ་ཁོངས་སུ་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་བ་དང་། བུད་མེད་ཀྱི་ལས་གཏོད་ལས་ཞུགས་བྱ་བ་དམ་འཛིན་ནན་མོ་བྱས་ཏེ་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས། བུད་མེད་དང་བྱིས་པ། ཁྱིམ་ཚང་བཅས་ཀྱིས་དངོས་སུ་ཚོར་ཐུབ་པའི་དོན་དངོས་མུ་མཐུད་དུ་ཡག་པོར་སྒྲུབ་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བུད་མེད་ཀྱི་བྱ་བ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལས་དོན་ཐད་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་བུད་མེད་དང་བྱིས་པར་བརྩི་འཇོག་སེམས་ཁུར་བྱེད་པ་དང་། བུད་མེད་དང་བྱིས་པའི་ལས་དོན་ལ་སེམས་ཁུར་བྱས་ཏེ། བུད་མེད་ཀྱི་བྱ་བར་རྒྱབ་སྐྱོར་བྱེད་པའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་ངོས་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བྱས་ཏེ། ཏང་འཛུགས་ཀྱིས་བུད་མེད་ཀྱི་བྱ་བར་སྐུལ་ཁྲིད་དང་། བུད་མེད་ལས་དོན་གྱིས་ཏང་འཛུགས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་པ། ལས་བྱེད་པས་སྒྲུབ་དགོས་པ་དང་རིགས་ལམ་གསལ་དགོས་པ། རང་གཅུན་ནན་དགོས་པའི་བྱ་བའི་བླང་བྱ་ལག་བསྟར་བྱས་ནས། བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དེ་གསོན་ཤུགས་རྒྱས་ཤིང་སྟོབས་དང་ལྡན་པར་བྱེད་དགོས་ཞེས་ནན་གྱིས་བསྟན།
ཧྥིན་ལིན་གྱིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། མཚོ་སྔོན་གྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་སེམས་ཤུགས་བསྒྲིལ་བའི་སྟེང་རྣམ་པ་གསར་པ་མངོན་པར་བྱེད་པ། དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་གཏན་ཕབ་གཉིས་ལ་སྲུང་སྐྱོང་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་པ། རང་འགུལ་གྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་འདྲེས་པར་བྱེད་པ། རྒྱ་ཆེའི་བུད་མེད་རྩ་འཛུགས་དང་སྐུལ་སློང་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཐད་གཞོལ་བའི་སྟེང་བྱེད་ཕྱོགས་གསར་པ་མངོན་པར་བྱས་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་ལེན་པར་བུད་མེད་ཀྱི་སྟོབས་ཤུགས་དང་བློ་གྲོས་གཅིག་ཏུ་བསྡུ་དགོས། སེམས་ཤུགས་མཉམ་འདོན་གྱིས་ཁྱིམ་ཚང་གི་བྱ་བ་ལེགས་པོར་སྒྲུབ་སྟེ། ཁྱིམ་ཚང་གི་ཁྱིམ་སྲོལ་དང་ཁྱིམ་གྱི་སློབ་གསོའི་ནུས་པ་འདོན་སྤེལ་བྱེད་པའི་གཞི་རིམ་བཅོས་སྐྱོང་ཁྲོད་ཀྱི་བྱེད་ནུས་སྐས་རིམ་གསར་པར་སླེབས་པར་བྱས་ནས། མིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་ཤུགས་འདོན་དགོས། ཁེ་དབང་སྲུང་སྐྱོང་དང་གཅེས་སྐྱོང་ཞབས་ཞུའི་བྱ་བ་དངོས་སྒྲུབ་ལེགས་གཉེར་བྱས་ཏེ། བུད་མེད་དང་བྱིས་པ། ཁྱིམ་ཚང་བཅས་ཀྱི་རེ་འདོད་ལེགས་པོར་སྒྲུབ་པའི་སྟེང་གྲུབ་འབྲས་གསར་པ་ལོན་པར་བྱས་ནས། བུད་མེད་དང་བྱིས་པ། ཁྱིམ་ཚང་བཅས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས་ཤིང་། བདེན་སྲུང་གསར་གཏོད་ཀྱི་སྒོ་ནས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། མང་ཚོགས་ལ་འབྲེལ་འདྲིས་དང་ཞབས་འདེགས་ཞུ་བའི་འབྲེལ་ཟམ་སྒྲོག་ཐག་གི་བྱེད་ནུས་འདོན་སྤེལ་བྱེད་པའི་སྟེང་རྒྱ་སྐྱེད་གསར་པ་མངོན་འགྱུར་བྱེད་པ་དང་། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་བཅོས་སྒྱུར་ལས་འགན་ཁག་དངོས་འབེབས་ནན་འཛིན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་པའི་ཁྲོད་ཁག་ཁུར་མངོན་པར་བྱེད་པའི་རེ་བ་ཡོད་ཅེས་བསྟན།
ཝུའུ་ཞའོ་ཅུན་གྱི་མགོ་འཛིན་བྱེད་སྐབས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བུད་མེད་དང་བྱིས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་ཐད་ཀྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་བུད་མེད་དང་བྱིས་པའི་ལས་དོན་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། བུད་མེད་ཀྱི་ལས་གཏོད་ལས་ཞུགས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་ཕྱོགས་ཡོངས་ནས་འགན་སྲུང་བྱེད་པ། དཀའ་ཁག་ཅན་གྱི་བུད་མེད་དང་བྱིས་པར་ཐུགས་ཁུར་དང་གཅེས་སྐྱོང་གང་ལེགས་བྱེད་པ། བུ་བཙའ་དང་བཅོལ་གཉོར། རྒན་གསོ་བཅས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་རྒྱུན་མཐུད་ངང་ལེགས་བཅོས་དང་དངོས་འབེབས་བྱས་ནས། བུད་མེད་ཀྱི་ཁེ་དབང་ལ་སྔར་ལས་ལྷག་པའི་འགན་སྲུང་ཡོད་ཅིང་། མི་ཚེ་ལ་སྔར་ལས་འོད་སྣང་འཕྲོ་བ་དང་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་བྱེད་དགོས། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་འཁྲིའི་འོས་འགན་ཕྲག་ཏུ་ཁུར་ཏེ། བློ་བསྐྱེད་ཟབ་མོས་བཅོས་སྒྱུར་གསར་གཏོད་བྱེད་པ་དང་། སྣེ་ཁྲིད་དང་འབྲེལ་འདྲིས་ཞབས་ཞུའི་འགན་ནུས་ལག་བསྟར་བཟང་པོ་བྱེད་པ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། བུད་མེད་ལ་ཞབས་འདེགས་ཞུ་བའི་ཁྲོད་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁག་ཁུར་མངོན་པར་བྱེད་པ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བུད་མེད་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པའི་ལས་དོན་ཐད་རྩེ་གཅིག་ཏུ་གཞོལ་ནས། བུད་མེད་ཀྱི་བློ་གྲོས་གཅིག་བསྡུས་དང་བུད་མེད་ཀྱི་སྟོབས་ཤུགས་ཕུལ་ཏེ། སྐྱོད་ལམ་གསར་པའི་སྟེང་སྔར་ལས་བཀྲག་མདངས་འཚེར་བའི་བུད་མེད་ཀྱི་ལེའུ་འབྲི་དགོས་ཞེས་ནན་གྱིས་བསྟན།
ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་འགན་ཁུར་བློ་མཐུན་གྱིས་མི་དམངས་ཚོགས་པའི་ཚབ་བྱས་ཏེ་ཤིས་ཚིག་ཕུལ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བློ་མཐུན་གྱིས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གསུམ་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་སྙན་ཞུ་ཕུལ།
རིག་འཛིན་སྒྲོལ་མས་བསྒྱུར།