ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དུས་འགོའི་གྲ་སྒྲིག་བྱ་བ་ལེགས་པོར་བསྒྲུབས་ཏེ། ཚོགས་ཆེན་ལ་གྲོས་ཞིབ་བྱེད་པར་འབུལ་རྩིས་ཡོད་པའི་ཁྲིམས་སྲོལ་གྱི་གྲོས་གཞིར་བདེ་བླག་ངང་གྲོས་འཆམ་བྱུང་བར་ཁག་ཐེག་བྱེད་ཆེད། ཟླ12པའི་ཚེས19ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམག་ཁུལ་ཆབ་སྲིད་ལས་དོན་ཅུའུ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་བཅས་ཀྱི་འཐུས་མི་ཁག་ཅིག་རྩ་འཛུགས་བྱས་ཏེ།《མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་གྲོས་མོལ་སྒྲིག་སྲོལ(འཆར་ཟིན)》ལ་མཉམ་དུ་ཞིབ་ཀློག་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། གྲོས་མོལ་སྒྲིག་སྲོལ་བསྐྱར་དུ་གཏན་འབེབས་བྱེད་པ་ནི། དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སྔར་ལས་ལྷག་པར་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་པའི་བྱེ་བྲག་གི་བྱེད་ཐབས་ཤིག་ཡིན་ཞིང་། དམངས་འཐུས་ཚོགས་ཆེན་གྱི་བྱ་བའི་ཁྲོད་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་འཁྱོངས། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་རྒྱུན་འཁྱོངས་བཅས་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན། གྲོས་མོལ་སྒྲིག་སྲོལ་འཆར་ཟིན་ལ་གྲོས་ཞིབ་བྱེད་པ་ནི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞི་གལ་ཆེན་ཞིག་ཡིན་པས། འབྲེལ་ཡོད་སྡེ་ཁག་གིས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་བཅངས་ནས། བྱ་བའི་སྒུལ་ཤུགས་ཆགས་པ་དང་། འབྲེལ་ཡོད་བྱ་བ་ལེགས་པོར་སྒྲུབ་པར་གཞོགས་འདེགས་བྱེད་དགོས།
ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། གྲོས་མོལ་སྒྲིག་སྲོལ་གྱི་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་བྱ་བ་ཡག་པོར་བསྒྲུབ་རྒྱུ་ནི། ཁྲིམས་འཛུགས་ལས་འགན་དང་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་གྱིས་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་དང་། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན། འཐུས་མིའི་ཞིབ་ཀློག་ལས་དོན་ཡག་པོར་སྒྲུབ་པ། དམངས་འཐུས་ཚོགས་ཆེན་གྱི་ཁྲིམས་འཛུགས་མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོར་བརྗོད་པ་བཅས་བྱས་ཏེ། ཁྲིམས་སྲོལ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་ཡོང་བ་དང་ལག་བསྟར་དོན་འཁྱོལ་བྱེད་ཆེད་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས། དུས་མཚུངས་སུ་འཐུས་མིའི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་གཏིང་ཟབ་བྱས་ཏེ། ཚང་མའི་འདོད་བློ་དང་བློ་གྲོས། དངོས་གཉེར་གོ་ཆོད་བཅས་ཀྱི་ཁྲིམས་སྲོལ་འཆར་ཟིན་ཚོགས་ཆེན་ཐོག་ཕུལ་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་ཚོགས་ཆེན་འཚོགས་སྐབས་ཀྱི་ལས་དོན་སྣ་ཚོགས་ལ་གྲོས་ཞིབ་དང་ཞབས་འདེགས་ཞུས་ནས། ཁྲིམས་སྲོལ་འཆར་ཟིན་བདེ་བླག་ངང་གྲོས་འཆམ་འབྱུང་བར་ཁག་ཐེག་བྱེད་པ་དང་། ཚོགས་ཆེན་རྒྱལ་ཁའི་ངང་འཚོགས་ཆེད་འབུལ་འོས་པའི་བྱས་རྗེས་འཇོག་དགོས་ཟེར།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།