ཚེས24ཉིན་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཉེར་དགུ་པ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་མ་ཟད་གསུང་བཤད་གནང་།
ཟླ12པའི་ཚེས24ཉིན། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཉེར་དགུ་པ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་མ་ཟད་གསུང་བཤད་གནང་།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ལག་བསྟར་བྱས། ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཕྱོགས་ཁོང་དུ་ཆུད་པ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། བསམ་བློ་དང་བྱ་སྤྱོད་དེ་ཀྲུང་གུང་ཀྲུང་དབྱང་གིས་དཔལ་འབྱོར་གནས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་དང་དཔལ་འབྱོར་བྱ་བའི་ཐད་ཀྱི་ཐབས་ཇུས་བཀོད་སྒྲིག་སྟེང་དངོས་གནས་གཅིག་གྱུར་བྱས་ཏེ། སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དོན་འཁྱོལ་ལ་དམིགས་ནས། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་བཀོད་སྒྲིག་བྱས་པའི་གཙོ་གནད་ལས་འགན་དོན་འཁྱོལ་བྱེད་པར་གྲོས་མོལ་དང་སྲིད་གླེང་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་འཇོག་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”བྱ་བ་ལེགས་པར་སྒྲུབ་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཞིང་པར་རྒྱབ་སྐྱོར་དང་། ཞིང་པར་རོགས་སྐྱོར། ཞིང་པ་ཕྱུག་པོར་གཏོང་བ། ཞིང་པར་ཕན་པ་ཐོབ་པ་བཅས་ལ་དམིགས་ནས་དོན་དངོས་མང་ཙམ་སྒྲུབ་པར་ཁྲིད་སྟོན་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅོ་བརྒྱད་པའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མཐའ་མཚམས་བཅོས་སྐྱོང་བྱ་བར་མུ་མཐུད་དུ་དོ་ཁུར་བྱས་ནས། མཐའ་མཚམས་བརྟན་བརླིང་མཐུན་སྒྲིལ་ལ་སྔར་ལས་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་གསན་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་གུང་ཀྲུང་དབྱང་གི་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞང་ཀང་དང་ཨའོ་མིན་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞང་ཀང་དང་ཨའོ་མིན་གྱི་ཨུ་ཡོན་རྣམས་ཀྱིས“དགེ་མཚན་ལྡན་པའི་ནུས་པ་ཟུང”སྔར་ལས་ལེགས་པར་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱ་དགོས། སྲིད་གྲོས་ཀྱི་ཕྱི་ཕྱོགས་འགྲོ་འོང་བྱ་བའི་རྩ་འཛུགས་ཀྱི་ཆུ་ཚད་དང་དོན་དངོས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་འབྱེད་པར་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས།
གྲོས་ཚོགས་སྟེང་རྒྱལ་ཡོངས་སྲིད་གྲོས་ཀྱི2025ལོའི་གྲོས་མོལ་འཆར་གཞིར་རྩ་དོན་ཐོག་གྲོས་འཆམ་བྱུང་བ་དང་། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སློབ་སྦྱོང་འཆད་ཁྲིད་ཀྱི2025ལོའི་དཔྱད་གཞིའི་ཁ་བྱང་འདེམས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞིའི་གྲོས་ཚོགས་ཀྱི2025ལོའི་སློབ་སྦྱོང་འཆར་གཞི། རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་གྱི2024ལོའི་ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པའི་གནས་ཚུལ་དང་ཨུ་ཡོན་གྱིས་འགན་འཁྲི་ལག་བསྟར་བྱས་ནས“མི་དམངས་ལ་ཞབས་འདེགས་ཞུ་བའི”བྱ་འགུལ་རྩ་འཛུགས་བྱས་ནས་སྤེལ་བ་དང་། ཨུ་ཡོན་གྱིས་གཅིག་བསྡུས་སློབ་སྦྱོང་གསོ་སྦྱོང་སོགས་ཀྱི་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པའི་གྲོས་རིམ་དང་ཉིན་རེའི་གྲོས་རིམ། རྒྱལ་ཡོངས་སྲིད་གྲོས་ཀྱིས2024ལོར་ཕྱི་ཕྱོགས་འགྲོ་འོང་བྱ་བ་སྤེལ་བའི་གནས་ཚུལ་སྙན་ཞུ། རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི2024ལོའི་བྱ་བའི་སྤྱི་བསྡོམས་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། གོང་གསལ་འཆར་ཟིན་དང་སྙན་ཞུ། བྱ་བའི་སྤྱི་བསྡོམས་བཅས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པར་གྲོས་ཞིབ་བྱེད་པར་འབུལ་རྒྱུའི་གཏན་འབེབས་བྱས།
གྲོས་ཚོགས་ལས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་དོན་དག་ལ་ཞིབ་འཇུག་བྱས། གྲོས་ཚོགས་ལས་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཅེ་དབྱི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་གསར་འགྱུར་མགྲིན་ཚབ་པར་གཏན་འཁེལ་བྱས།
གྲོས་ཚོགས་ལས་ཝེ་པོ་ཕིང་དང་ཝུའུ་ཁྲུན་རུང་གི་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ཐོབ་ཐང་མེད་པར་བཟོ་བའི་སྐོར་གྱི་ཆོད་དོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པའི་སྟེང་རྩད་གཅོད་བྱ་རྒྱུར་ཕུལ་ཡོད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞན་ཧུའེ་དང་། ཝང་ཏུང་ཧྥུན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ནས་གཏམ་བཤད། ཝང་ཏུང་ཧྥུན་སོགས་ཀྱིས་འབྲེལ་ཡོད་གྲོས་གཞིར་གསལ་བཤད་བྱས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥུན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་། ཧྲིན་ཡུའེ་ཡུའེ། ཝང་ཡུང་། ཀྲོའུ་ཆང་། ལེང་ཀྲིན་དབྱིན། པ་ཐུར། སུའུ་ཧུའེ། ཧྲའོ་ཧུང་། ཁྲིན་ཝུའུ། མུའུ་ཧུང་། ཅང་ཙོ་ཅུན། ཧི་པོ་ཞང་། ཝང་ཀོང་ཆན། དབྱང་ཀྲིན་བཅས་གྲོས་ཚོགས་སུ་ཞུགས།
ཤ་བོ་རིན་མཚོས་བསྒྱུར།