ཀྲའོ་ལི་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཀྱི་གྲོས་ཞུགས་པ་དང་ལྷན་དུ་བཞུགས་མོལ་བྱས།
2024.12.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ12ཚེས24ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པའི་རྒྱལ་ཡོངས་ཀྱི་དམངས་ཆེན་འཐུས་མི་དང་ལྷན་དུ་བཞུགས་མོལ་བརྗེ་རེས་བྱས།

ཟླ12ཚེས24ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པར་ཞུགས་པའི་རྒྱལ་ཡོངས་ཀྱི་དམངས་ཆེན་འཐུས་མི་དང་ལྷན་དུ་བཞུགས་མོལ་བརྗེ་རེས་བྱས་པ་དང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། འཐུས་མིའི་འགན་འཁྲི་ལག་བསྟར་བཟང་པོ་བྱས་ནས། དམངས་ཆེན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

བཞུགས་མོལ་ཚོགས་ཐོག་ཏུ། འཐུས་མི་རྣམས་ཀྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་མ་ཡིག་ལ་དམིགས་ཏེ་བསམ་ཚུལ་དང་གྲོས་གཞི་བཏོན། ཀྲའོ་ལི་ཅི་ཡིས་ནན་ཏན་གྱིས་གསན་པར་མ་ཟད་ཚང་མ་དང་ལྷན་དུ་བརྗེ་རེས་མཛད། ཁོང་གིས་གསུངས་རྒྱུར། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན་ལ། རྒྱལ་ཡོངས་དམངས་ཆེན་འཐུས་མིའི་ཚོགས་ཆེན་བཙུགས་ནས་ལོ70འགོར་བའི་ལོ་ཡིན་པས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་ལག་བསྟར་ནན་མོ་བྱས་པ་དང་། དམ་འཛིན་དངོས་སྒྲུབ་དང་བརྟན་ཐོག་ཡར་འཕེལ་བྱུང་ཞིང་། རྩ་ཁྲིམས་དང་ཁྲིམས་འཛུགས། ལྟ་སྐུལ། འཐུས་མི། ཕྱི་ཕྱོགས་འགྲོ་འོང་། རང་ངོས་འཛུགས་སྐྲུན་སོགས་ཕྱོགས་སོ་སོའི་ཐད་ནས་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་བླངས་ནས། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་སྲ་ཞིང་བརྟན་པའི་གོམ་སྟབས་གསར་པ་སྤོ་ཐུབ་པར་དམངས་ཆེན་གྱི་བྱས་རྗེས་བཞག་ཡོད་ཟེར།

ཀྲའོ་ལི་ཅི་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་སྒྲུབ་ལས་དོན་དེ་འཐུས་མི་ཟབ་ཞུགས་དང་འཐུས་མིས་རྒྱབ་སྐྱོར་བྱེད་པ་དང་ཁ་འབྲལ་ཐབས་མེད། རྒྱ་ཆེའི་འཐུས་མི་རྣམས་ཀྱིས་མི་དམངས་ཀྱི་ཁྲོད་ནས་ཡོང་བ་དང་མི་དམངས་བསམ་པའི་ཁྱད་ཆོས་དང་དགེ་མཚན་འདོན་སྤེལ་བྱས་ཏེ། རང་སྟེང་གི་ཆེད་ལས་ཁྱད་ནུས་འདོན་སྤེལ་བྱེད་པ་དང་། མི་དམངས་མང་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱེད་པ། དམངས་ཀྱི་འདོད་བློར་ཉན་པ་དང་དེར་ལན་སྤྲོད་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་ཞུགས་པ། ཁྲིམས་འཛུགས་རྟོག་ཞིབ་དང་ཁྲིམས་བསྟར་ཞིབ་བཤེར། ཆེད་དོན་རྟོག་ཞིབ། སྔོན་ཇུས་རྩིས་བཤེར་ལྟ་སྐུལ། ཕྱི་ཕྱོགས་འགྲོ་འོང་སོགས་ཀྱི་བྱེད་སྒོར་ཞུགས་ནས། བསམ་ཚུལ་དང་གྲོས་གཞི་འདོན་པ་དང་བྱེད་ནུས་གལ་ཆེན་འདོན་སྤེལ་བྱེད་དགོས་ཞེས་བསྟན།

ཀྲའོ་ལི་ཅི་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་རྒྱལ་ཡོངས་ཀྱི་དམངས་ཆེན་འཐུས་མིས་འགན་སྒྲུབ་ལག་ལེན་དང་ཟུང་འབྲེལ་བྱས་ཏེ། བསམ་གཞིགས་ཞིབ་མོ་བཏང་ཞིང་ཉམས་མྱོང་སྤྱི་བསྡོམས་བྱས་ནས། དུས་རབས་གསར་པའི་དམངས་ཆེན་བྱ་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་སྔར་ལས་གཏིང་ཟབ་ཏུ་བཏང་བས་མུ་མཐུད་དུ་དམ་འཛིན་ཡག་པོ་དང་རྒྱུན་འཁྱོངས་བཟང་པོ་བྱེད་དགོས། ཏང་གི་དམངས་ཆེན་བྱ་བའི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་དང་ལྷག་པར་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་ན། ཏང་གི་གཞུང་ལུགས་དང་ལམ་ཕྱོགས། སྲིད་ཇུས་བྱེད་ཕྱོགས་དང་ཇུས་ཆོད་བཀོད་སྒྲིག་སོགས་དམངས་ཆེན་བྱ་བའི་ཁྲོད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་འགན་ལེན་བྱེད་དགོས། དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། གཙོ་གནད་འབུར་དུ་དོད་པ་རྒྱུན་འཁྱོངས་བྱས་ཏེ། དམངས་ཆེན་གྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཀྱི་འགན་ནུས་བྱེད་ནུས་འདོན་སྤེལ་བཟང་པོ་བྱེད་དགོས། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་སྟེ། དམངས་ཀྱི་འདོད་བློ་བསྡུ་ལེན་དང་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱས་ནས། ལས་དོན་ཁག་སོ་སོ་དམངས་འདོད་རྨང་གཞི་བརྟན་པོའི་སྟེང་ཚུགས་ཐུབ་པར་བྱེད་དགོས། དངོས་ཐོག་བདེན་འཚོལ་དང་དངོས་འཚོལ་བདེན་གཉེར་རྒྱུན་འཁྱོངས་བྱས་ཏེ། རྟོག་དཔྱོད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ་དང་། ཕྱིའི་ཆོས་ཉིད་བརྩི་སྲུང་དང་ཁོང་དུ་ཆུད་པར་བྱས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་དགོས། མ་ལག་གི་ལྟ་བ་དང་སྤྱིའི་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། གཅིག་འདོམས་དང་གོ་རིམ་ཡོད་པ། མཐུན་སྦྱོར་འཆར་འགོད་བཅས་ཀྱི་རྣམ་པས་ལས་དོན་སྤེལ་ནས། དངོས་འབེབས་དམ་འཛིན་བྱེད་པའི་མཉམ་ཤུགས་གྲུབ་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཀྲའོ་ལི་ཅི་ཡིས་ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་བསྡུ་བའི་ཐག་གཅོད་ལ་གྲོས་ཞིབ་བྱས་པ་དང་། ཚོགས་ཆེན་དེ་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་བྱེད་པར་སྐུལ་སློང་བྱས་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། ལོ་ཧྲིལ་བོའི་ལས་དོན་ཁག་སོ་སོ་ཏག་ཏིག་སྒོས་ལེགས་པོར་བསྒྲུབ་པའི་ཐད་དོན་སྙིང་གལ་ཆེན་ལྡན་པས། འཐུས་མི་རྣམས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་སྟེ། ཚོགས་ཆེན་གྱི་གྲོས་རིམ་དང་ཟུང་འབྲེལ་གྱིས་རྟོག་ཞིབ་གཏིང་ཟབ་བྱས་ནས། ཚོགས་ཆེན་སྔོན་གྱི་གྲ་སྒྲིག་བྱ་བ་ནན་ཏན་གྱིས་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།