རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ12ཚེས23ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་མཛད་དེ《ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཞིབ་བཤེར་ཚད་ལྡན་ནན་མོ་གཏོང་བའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་ལྟ་སྐུལ་དོ་དམ་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་སྨན་རྫས་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བྱེད་ཐབས་བཀོད་སྒྲིག་བྱས་ལ། ཟས་རིགས་བདེ་འཇགས་ཀྱི་ཕྲེང་འབྲེལ་ཧྲིལ་བོའི་ལྟ་སྐུལ་དོ་དམ་གྱི་འབྲེལ་ཡོད་བྱ་བར་ཤུགས་སྣོན་པར་ཞིབ་འཇུག་བྱས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཏོང་སྤྲོད་སྤོ་སྒྱུར་ལ་སྐུལ་ལྕག་དང་ཚོད་འཛིན་བྱེད་པའི་ལམ་སྲོལ་འཛུགས་པའི་སྐོར་གྱི་སྙན་ཞུར་གསན་ཞིང་། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བར་སྦྲེལ་ལས་ཁུངས་ཚད་ལྡན་དུ་བཏང་ནས་ཀུང་སིས་མ་རྐང་འགྲེམས་སྤེལ་བྱེད་པར་ཞབས་འདེགས་ཞུ་བའི་སྐོར་གྱི་གཏན་འབེབས(འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་བསྟན་དོན། ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཞིབ་བཤེར་བྱེད་རྒྱུ་ནི་སྲིད་འཛིན་ཁྲིམས་བསྟར་བྱེད་པོས་སྲིད་འཛིན་དོ་དམ་གྱི་འགན་འཁྲི་སྒྲུབ་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། ཐོག་མའི་བསམ་འདུན་ནི་ཁེ་ལས་ཀྱིས་ཁྲིམས་ལྟར་གཉེར་སྐྱོང་བྱེད་པ་ཚད་ལྡན་དུ་གཏོང་བ་དང་དེར་ཁྲིད་སྟོན་བྱེད་ཆེད་རེད། འོན་ཀྱང་ལག་ལེན་ཁྲོད་ས་གནས་དང་སྡེ་ཁག་ཁ་ཤས་ཀྱིས་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཞིབ་བཤེར་གང་འདོད་དུ་བྱེད་པའི་གནད་དོན་ཡང་ཡང་ཐོན་བཞིན་ཡོད་པས། ཁེ་ལས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་གཉེར་སྐྱོང་དང་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་པར་ཤུགས་རྐྱེན་ཐེབས་བཞིན་ཡོད། ཁྲོམ་རའི་སྔོན་དཔག་བརྟན་པོ་ཡོང་བར་དམིགས་ཏེ། ཁྲིམས་བསྟར་སྲིད་འཛིན་གྱི་ཆུ་ཚད་མཐོ་རུ་གཏོང་བར་དམིགས་པ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཞིབ་བཤེར་ནན་མོ་དང་ཚད་ལྡན་དུ་གཏོང་བ། ལུགས་མཐུན་ངང་ཐེངས་གྲངས་བཀོད་སྒྲིག་དང་། ཚོད་འཛིན་གང་ལེགས། གནད་ལ་འཁེལ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། རང་ཉིད་ཀྱི་འགན་འཁྲི་སྒྲུབ་དགོས་པ་ལས་འགན་འཁྲི་གཞན་དཀྲི་མི་བྱེད་པར་འབད་བརྩོན་བྱེད་དགོས། སྲིད་འཛིན་ཞིབ་བཤེར་གྱི་གྲུབ་ཆ་གཙོ་བོ་གསལ་བོར་བཟོ་བ་དང་། སྲིད་འཛིན་ཞིབ་བཤེར་གྱི་དོན་ཚན་གཙང་བཤེར་དང་ཡོངས་བསྒྲགས་བྱས་ཏེ། འབྱུང་རྩ་ནས་གང་འདོད་དུ་ཞིབ་བཤེར་བྱེད་པ་བཀག་འགོག་བྱེད་དགོས། ཞིབ་བཤེར་བྱེད་སྟངས་གཏན་འཁེལ་ལུགས་མཐུན་དང་། ཞིབ་བཤེར་གྱི་ཚད་གཞི་དང་གོ་རིམ་གཟབ་ནན་དུ་གཏོང་བ། སྲིད་འཛིན་ཞིབ་བཤེར་གྱི་ཁྲིམས་བསྟར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་སུ་བསྐྱོད་དེ་ཞིབ་བཤེར་ཐེངས་གྲངས་ཇེ་ཉུང་དུ་གཏོང་བ། རང་དགར་ཞིབ་བཤེར་བྱེད་རིགས་གཏན་འགོག་བཅས་བྱེད་དགོས། སྲིད་འཛིན་ཞིབ་བཤེར་ཚད་ལྡན་དུ་གཏོང་རྒྱུ་དེ་སང་ལོའི་ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་བསྟར་ཆེད་དོན་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། བསམ་འཆར་ཆེ་བའི་འབུར་ཐོན་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་། གང་འདོད་དུ་ཞིབ་བཤེར་བྱེད་པར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། འགན་འཁྲི་བདའ་འདེད་ནན་མོ་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། སྨན་རྫས་དང་སྨན་བཅོས་ཡོ་བྱད་ལ་ལྟ་སྐུལ་དོ་དམ་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་བཅོས་སྒྱུར་ཟབ་སྤེལ་དང་། གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་པ་ལྡན་པའི་གསར་གཏོད་སྐྱེ་ཁམས་བསྐྲུན་ནས། རང་རྒྱལ་འདི་ཉིད་སྨན་བཟོའི་རྒྱལ་ཁབ་ཆེན་པོ་ནས་སྨན་བཟོའི་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་སྨན་རྫས་དང་སྨན་བཅོས་ཡོ་བྱད་ཐད་ཀྱི་མང་ཚོགས་ཀྱི་དགོས་མཁོ་སྔར་ལས་ལྷག་པར་སྐོང་དགོས། སྨན་རྫས་དང་སྨན་བཅོས་ཡོ་བྱད་ཞིབ་འཇུག་གསར་སྤེལ་དང་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚད་གཞི་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། གསར་གཏོད་སྨན་རྫས་དང་སྨན་བཅོས་ཡོ་བྱད་བཀོལ་སྤྱོད་བྱེད་རྒྱུ་ཁྱབ་སྤེལ་ལེགས་པོ་བཅས་བྱེད་དགོས། ཞིབ་མཆན་འགོད་པའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། ནད་ཐོག་སྨན་བཅོས་ལ་མཁོ་བའི་སྨན་རྫས་དང་སྨན་བཅོས་ཡོ་བྱད་ཁྲོམ་རར་འདོན་རྒྱུར་ཞིབ་མཆན་འགོད་ཚད་ཇེ་མགྱོགས་སུ་གཏོང་བ། ཆ་རྐྱེན་དང་མཐུན་པའི་མཐོང་དཀོན་པའི་ནད་སྤྱོད་གསར་གཏོད་སྨན་རྫས་དང་སྨན་བཅོས་ཡོ་བྱད་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་ཇེ་ཉུང་དུ་གཏོང་བ་བཅས་བྱེད་དགོས། ཕན་ནུས་ཆེ་ཞིང་ལྟ་སྐུལ་དོ་དམ་ནན་མོ་བྱེད་པར་བརྟེན་ནས་སྨན་རྫས་ཐོན་ལས་ཀྱི་སྒྲིག་སྲོལ་དང་མཐུན་པའི་ཆུ་ཚད་མཐོ་རུ་གཏོང་བ་དང་། སྨན་རྫས་ཐོན་ལས་ཀྱི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། དུས་ཐོག་ཏུ་སྨན་བཅོས་འགན་བཅོལ་དང་། སྨན་བཅོས། རིན་གོང་སོགས་ཐད་ཀྱི་སྲིད་ཇུས་དང་བསྟུན་ནས་སྨན་རྫས་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་བསྟན་དོན། ཟས་རིགས་བདེ་འཇགས་ནི་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་དང་འབྲེལ་བ་ཡོད། འབྱུང་རྩ་ནས་སྔོན་འགོག་ནན་མོ་དང་། བརྒྱུད་རིམ་དོ་དམ་ནན་མོ། ཉེན་ཁ་ཚོད་འཛིན་ནན་མོ་བཅས་རྒྱུན་འཁྱོངས་དང་། དུས་རྒྱུན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། ཕྲེང་འབྲེལ་ཧྲིལ་བོའི་ལྟ་སྐུལ་དོ་དམ་ནུས་པ་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། ཟས་རིགས་བདེ་འཇགས་ཀྱི་ཚད་མཐའ་བརྟན་པོར་སྲུང་དགོས།
གྲོས་ཚོགས་ལས་བསྟན་དོན། གཏོང་སྤྲོད་སྤོ་སྒྱུར་གྱིས་ས་གནས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཏེ། མ་དངུལ་དེ་ཁྲལ་བསྡུའི་ཐད་ལེགས་སྐྱེས་ཆེ་ཙམ་འབུལ་བ་དང་ཡོང་འབབ་འཕར་ཚད་ཅུང་མགྱོགས་པའི་ས་ཁུལ་ལ་གཟིགས་སྐྱོང་བྱེད་པར་བཀོད་སྒྲིག་བྱེད་དགོས། ཚན་རིག་དང་མཐུན་ཞིང་ཚད་ལྡན་ཡིན་པའི་སྒོ་ནས་ལམ་སྲོལ་ལག་བསྟར་བྱེད་པའི་བྱ་བ་དམ་འཛིན་ལེགས་པོ་བྱས་ཏེ། ས་གནས་སོ་སོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཁྲལ་ཁུངས་སྐྱེད་སྲིང་བྱེད་པར་སྐུལ་ལྕག་བྱས་ནས། ས་གནས་འཕེལ་རྒྱས་ཀྱི་རང་འགུལ་རང་བཞིན་དང་ནོར་སྲིད་ཀྱི་རྒྱུན་མཐུད་རང་བཞིན་ཆེ་རུ་གཏོང་དགོས།
གྲོས་ཚོགས་ལས《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བར་སྨྱན་ལས་ཁུངས་ཚད་ལྡན་དུ་བཏང་ནས་ཀུང་སིས་མ་རྐང་འགྲེམས་སྤེལ་བྱེད་པར་ཞབས་འདེགས་ཞུ་བའི་སྐོར་གྱི་གཏན་འབེབས(འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། བར་སྦྲེལ་ལས་ཁུངས་ཀྱི་མ་རྩའི་ཁྲོམ་རའི“སྣེ་ཁྲིད”ནུས་པ་འདོན་སྤེལ་ལེགས་པོ་བྱས་ཏེ། བར་སྦྲེལ་ལས་ཁུངས་དང་འགྲེམས་སྤེལ་བྱེད་མཁན་བར་གྱི་ཚུལ་མིན་གྱི་ཁེ་ཕན་འབྲེལ་མཐུད་དམ་ཟབ་བྱེད་པ་བཀག་འགོག་དང་། ནོར་དོན་རྫུན་བཟོ་དང་། མགོ་སྐོར་གཡོ་འཕྲུལ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས། མ་དངུལ་གཏོང་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ལེགས་པོ་བྱེད་པ་དང་། མ་རྩའི་ཁྲོམ་ར་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པ་ནན་བཤད་བྱས།
གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།