རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པའི་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་འཚོགས།
2024.12.25 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 42

ཚེས24ཉིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པའི་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་པེ་ཅིང་དུ་འཚོགས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱེད་པའི་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་པར་མ་ཟད་ཆེད་དོན་འདྲི་རྩད་ཀྱང་བྱས།     ཨུ་ཡོན་ཀྲང་ཀྲའོ་ལི་ཅི་གྲོས་ཚོགས་སུ་ཞུགས།

ཚོགས་ཞུགས་བློ་མཐུན་བརྒྱད་ཀྱིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་ལྟར་སྐུལ་འདེད་གཏོང་བ་དང་།    རྨ་ཆུའི་འབབ་རྒྱུད་ཀྱི་ཆུའི་ཐོན་ཁུངས་དཀོན་པའི་ཐག་གཅོད་དང་།    རྨ་ཆུའི་འབབ་རྒྱུད་ཀྱི་འཆར་འགོད་མ་ལག་འཛུགས་སྐྲུན།    སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དང་སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་པ།    རྨ་ཆུའི་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་དང་དར་སྤེལ་གཏོང་བ།    རྨ་ཆུའི་འབབ་རྒྱུད་ཀྱི་ཆུ་དང་བྱེ་མ་སྙོམས་སྒྲིག་ལ་ཤུགས་སྣོན་པ།    ཆུ་ལོག་སྔོན་འགོག་དང་གནོད་སེལ་མ་ལག་འཐུས་ཚང་དུ་གཏོང་བ།    རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་འདྲི་རྩད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་དང་། ཆུ་བེད་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་།    ནོར་སྲིད་པུའུ།    རང་བྱུང་ཐོན་ཁུངས་པུའུ།    སྐྱེ་ཁམས་ཁོར་ཡུག་པུའུ།    རིག་གནས་དང་ཡུལ་སྐོར་པུའུ་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས་ནས་བསམ་འཆར་ལ་ཉན་པ་དང་འདྲི་རྩད་ལ་ལན་བཏབ།

ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་མ་ཟད་གཏམ་བཤད།

ཤ་བོ་རིན་མཚོས་བསྒྱུར།