རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པ་པེ་ཅིང་དུ་མཇུག་བསྒྲིལ།
2024.12.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 46

ཟླ12ཚེས25ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་མཇུག་བསྒྲིལ། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མཇུག་སྒྲིལ་གྲོས་ཚོགས་ལ་མགོ་འཛིན་གནང་།

ཟླ12ཚེས25ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཇུག་བསྒྲིལ། གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད། ཐང་འཕར་དཔྱ་ཁྲལ་བཅའ་ཁྲིམས་དང་ལྟ་ཞིབ་བཅའ་ཁྲིམས་བཟོ་བཅོས་སྐོར་གྱི་ཐག་གཅོད། གསར་དུ་བཟོ་བཅོས་བྱས་པའི་ཚན་རིག་ལག་རྩལ་ཁྱབ་གདལ་བཅའ་ཁྲིམས་བཅས་ལ་གྲོས་འཆམ་བྱུང་བ་དང་། ཝང་ཀོང་ཧྭ་ཡི་རང་བྱུང་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་གི་གོ་གནས་ལེན་རྒྱུ་དང་། ཀོན་ཀྲི་ཨུའོ་རང་བྱུང་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་ལ་བསྐོ་རྒྱུའི་ཐག་བཅད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང41པ་དང42པ། 43པ། 44པ་བཅས་ལ་མཚན་བཀོད། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མཇུག་སྒྲིལ་གྲོས་ཚོགས་ལ་མགོ་འཛིན་གནང་།

རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི165གྲོས་ཚོགས་སུ་ཞུགས་ཤིང་། ཚོགས་ཞུགས་མི་གྲངས་དེ་ཁྲིམས་བཀོད་མི་གྲངས་དང་མཐུན།

གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱེད་པར་སྤྲད་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་བཅའ་ཁྲིམས་བཟོ་བཅོས་གཏན་འབེབ་འཆར་ཟིན་གྱི་གྲོས་གཞིར་གྲོས་འཆམ་བྱུང་བ་དང་། བཟོ་བཅོས་གཏན་འབེབ་འཆར་ཟིན་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད་པ་མ་ཟད། ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གསལ་བཤད་བྱ་རྒྱུའི་མངགས་བཅོལ་བྱས།

གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་བསྡུ་བའི་ཐག་གཅོད་ལ་གྲོས་འཆམ་བྱུང་། ཐག་གཅོད་ལྟར་ན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་དེ2025ལོའི་ཟླ3ཚེས5ཉིན་པེ་ཅིང་དུ་འཚོགས་རྒྱུ་རེད།

གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཙམ་པབ་ཝེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིད་སྐྱེལ་སྤྱི་ཆིངས་ལ་ཆོག་མཆན་འགོད་པའི་ཐག་གཅོད་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སུའུ་ལིས་ནན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིད་སྐྱེལ་སྤྱི་ཆིངས་ལ་ཆོག་མཆན་འགོད་པའི་ཐག་གཅོད་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད་རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་། ཕྱི་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སོ་སོར་བཏོན་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པར་གྲོས་ཞིབ་བྱེད་པར་སྤྲད་པའི་འཐུས་མིས་བཏོན་པའི་གྲོས་གཞིའི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུར་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་སྐབས་དྲུག་པའི་ཁོངས་མིའི་མིང་ཐོར་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད་མེའོ་ཧྲིན་མེན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གཞོན་པར་བསྐོ་འཇོག་བྱས།

གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཧྲུའུ་ཝེ་ཡི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་ཀྱི་འགན་ཁུར་མཚམས་འཇོག་པའི་དགོངས་ཞུ་དང་ལེན་བྱེད་པའི་སྐོར་གྱི་ཐག་གཅོད་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་ད་དུང་བརྡས་ཐག་བཅད་པ་བརྒྱུད་བསྐོ་འཐེན་གྲོས་གཞི་གཞན་དག་ལ་གྲོས་འཆམ་བྱུང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་དང་། ཝང་ཏུང་མེན། ཞའོ་ཅེ། ཀྲིན་ཅན་པང་། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚའེ་ཏ་ཧྥིན། ཧི་ཝེ། ཝུའུ་ཝེ་ཧྭ། ཐའེ་ཉིང་། ཕིན་ཆིན་ཧྭ། ཀྲང་ཆིན་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁི་ལའེ་ཐིས་ཀྲ་ཁི་ཨར། དྲུང་ཡིག་ཆེན་མོ་ལིའུ་ཆི་བཅས་གྲོས་ཚོགས་ལ་ཞུགས།

རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིའུ་ཅིན་གོ་དང་། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་དབྱིན་ཡུང་། རྒྱལ་ཡོངས་དམངས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཁོངས་མི། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན། ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་ཁ་ཤས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན། རྒྱལ་ཡོངས་ཀྱི་དམངས་ཆེན་འཐུས་མི་ཁ་ཤས། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

མཇུག་སྒྲིལ་གྲོས་ཚོགས་ཀྱི་རྗེས་སུ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་བཅུ་བཞི་པ་སྤེལ་བ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མགོ་འཛིན་གནང་། ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། ཀྲུང་གོ་བཅའ་ཁྲིམས་ལོ་རྒྱུས་སློབ་ཚོགས་ཀྲུང་གོ་ཁྲིམས་སྲོལ་ལོ་རྒྱུས་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཀྲུའུ་ཡུང་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་བཅའ་ཁྲིམས་རིག་གནས་ཞེས་པ་བརྗོད་གཞིར་བཟུང་ནས་འཆད་ཁྲིད་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།