ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས2025ལོའི་ལུགས་གསར་དང་ལུགས་རྙིང་ལོ་གསར་སྐབས་ཀྱི་འབྲེལ་ཡོད་བྱ་བ་ལེགས་པོར་བསྒྲུབ་པའི་བརྡ་ཐོ་པར་འགྲེམས་བྱས།
2024.12.26 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 42

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་སྒྲུབ་ཐིན་གྱིས་ཉེ་ཆར2025ལོའི་ལུགས་གསར་དང་ལུགས་རྙིང་ལོ་གསར་སྐབས་ཀྱི་འབྲེལ་ཡོད་བྱ་བ་ལེགས་པོར་བསྒྲུབ་པའི་བརྡ་ཐོ་པར་འགྲེམས་བྱས།

བརྡ་ཐོ་ལས2025ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྡུ་བའི་ལོ་རེད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ལུགས་གསར་དང་ལུགས་རྙིང་ལོ་གསར་སྐབས་ཀྱི་འབྲེལ་ཡོད་བྱ་བ་གཅིག་འདོམས་བྱས་ནས་ལེགས་པོར་བསྒྲུབ་པ་དང་། མི་དམངས་མང་ཚོགས་ཀྱིས་དགའ་སྤྲོ་དང་འཆམ་མཐུན་ངང་དུས་ཆེན་རོལ་ཐུབ་པར་ཁག་ཐེག་བྱེད་དགོས་པར་བསྟན།

བརྡ་ཐོ་ལས་དཀའ་ཁག་ཡོད་པའི་མང་ཚོགས་ལ་སེམས་ཁུར་བྱས་ནས་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རོགས་སྐྱོབ་དང་འཚམས་འདྲི་སོགས་ཀྱི་བྱ་འགུལ་རྒྱ་ཆེར་སྤེལ་ཞིང་། གནས་སྐབས་རོགས་སྐྱོབ་ཀྱི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། དགུན་ཁར་དྲོད་ཁོལ་སྐྱེལ་བའི་ཆེད་དོན་རོགས་སྐྱོབ་འགུལ་སྐྱོད་སྤེལ་ཏེ། གླ་ཕོགས་ཆད་པར་བཅོས་སྐྱོང་བྱེད་པའི་དགུན་དུས་ཀྱི་འགུལ་སྐྱོད་སྤེལ་བ་དང་། ལས་ཞུགས་ཚོགས་པ་གསར་པར་འཚམས་འདྲི་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས།

ཁྲོམ་རའི་འགན་སྲུང་མཁོ་འདོན་ལ་ཤུགས་བསྣན་ནས། མང་ཚོགས་ཀྱི་དུས་ཆེན་གྱི་འཛད་སྤྱོད་དགོས་མཁོ་སྐོང་དགོས། ནུས་ཤུགས་ཡོད་རྒུས་འབར་རླངས་དང་གློག་སོགས་འདོན་སྤྲོད་དང་རིན་གོང་བརྟན་འཇགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་སྟེ། མང་ཚོགས་ཀྱིས་དྲོད་ཁོལ་ལྡན་པའི་ངང་དགུན་ཁ་སྐྱེལ་བར་འགན་སྲུང་བྱེད་དགོས། འབྲུ་རིགས་བདེ་འཇགས་ཐད་ནས་ཏང་སྲིད་འགན་མཚུངས་ལག་ལེན་དུ་བསྟར་བ་དང་ཁྲོམ་རའི་མགོ་གཙོའི་འགན་ཁུར་ལམ་ལུགས་དངོས་འབེབས་བྱས་ཏེ། མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས། དམངས་ཚིས་ཚོང་རྫས་གཙོ་བོའི་ཞབས་ཞུའི་རིན་གོང་གི་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། དྲ་རྒྱའི་ཉོ་ཚོང་གི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས།

མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། དུས་ཆེན་གྱི་མཁའ་དབུགས་ལེགས་པོ་ཞིག་བསྐྲུན་དགོས། དཔྱིད་གསར་ལ་གཞི་རིམ་དུ་བསྐྱོད་པའི་བརྗོད་དོན་བཅར་འདྲིའི་བྱ་འགུལ་དང་རིག་གནས་ཀྲུང་གོར་བསྐྱོད་པའི་བརྗོད་དོན་དྲིལ་སྒྲོག་གཏིང་ཟབ་སྒོས་སྤེལ་ཏེ། དབྱངས་རྟ་གཙོ་བོ་དཀྲོལ་བ་དང་དྲང་ནུས་བརྒྱུད་སྤྲོད་བྱེད་དགོས།

དཔྱིད་དུས་ཀྱི་སྐྱེལ་འདྲེན་བྱ་བར་གཅིག་འདོམས་བྱས་ནས་ལེགས་པོར་བསྒྲུབ་པ་དང་། མང་ཚོགས་བདེ་འཇགས་དང་སྟབས་བདེའི་ངང་ཕྱི་རོལ་དུ་བསྐྱོད་པར་འགན་སྲུང་བྱེད་དགོས། དུས་མཚམས་གཙོ་བོ་དང་། ཁུལ་ཁོངས་གཙོ་བོ། ལམ་ཐིག་གཙོ་བོ་བཅས་ཀྱི་སྐྱེལ་འདྲེན་བྱེད་ཚད་དང་རྩ་འཛུགས་བཀོད་གཏོང་ལ་ཤུགས་སྣོན་པ་དང་། ཚད་ཆེས་ཆེ་བའི་སྒོ་ནས་མང་ཚོགས་ཀྱི་ཕྱི་སྐྱོད་དགོས་མཁོ་བསྐང་སྟེ། ཡུལ་སྐོར་བ་ཕྱི་སྐྱོད་ཀྱི་ཆེས་སྔོན་མ་དང་ཆེས་མཇུག་མཐའི་སྤྱི་ལེ་གཅིག་གེགས་མེད་ཡོང་བར་བྱེད་དགོས། སྒེར་གྱིས་རླངས་འཁོར་བསྐོར་ནས་ཕྱི་རུ་སྐྱོད་པའི་ཞབས་ཞུའི་འགན་སྲུང་ལ་ཤུགས་བསྣན་ནས། དུས་ཆེན་དང་གུང་གསེང་གཙོ་བོའི་སྐབས་རླངས་འཁོར་ཆུང་གྲས་རིགས་ལ་ལམ་གླ་མི་བསྡུ་བའི་སྲིད་ཇུས་དངོས་འབེབས་བྱེད་དགོས།

དོན་རྐྱེན་གྱི་མི་མངོན་པའི་རྐྱེན་ངན་མཐའ་གཅིག་ཏུ་དག་ཐེར་བཅོས་སྐྱོང་བྱས་ཏེ། བདེ་འཇགས་ཐོན་སྐྱེད་དམ་འཛིན་ལེགས་པོ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེ་ཉེན་ཁའི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་དག་ཐེར་བཅོས་སྐྱོང་བྱེད་པའི་ཆེད་དོན་བྱ་བ་ཏན་ཏིག་ངང་བསྒྲུབ་དགོས། གནམ་གང་སོགས་དུས་མཚམས་གཙོ་བོའི་ལྒང་ཞུ་འགྲེམ་སྟོན་དང་ཤོག་སྦག་དགོང་ཚོགས་སོགས་མང་ཚོགས་རང་བཞིན་གྱི་བྱ་འགུལ་གྱི་ཉེན་ཁར་དཔྱད་འཇོག་དང་བདེ་འཇགས་དོ་དམ་ལ་ཤུགས་སྣོན་དགོས།

འགལ་བ་དང་རྩོད་གཞི་གྲལ་བཤེར་བྱས་ནས་སེལ་ཐབས་བྱེད་པ་དང་། སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་ཡོང་བར་ཁག་ཐེག་བྱེད་དགོས། དུས་རབས་གསར་པའི་ཧྥིན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། འགལ་བ་དང་ཉེན་ཁ་སེལ་ནས་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པའི་ཆེད་དོན་བཅོས་སྐྱོང་སྤེལ་བ་དང་། བརྟན་འཇགས་མིན་པའི་རྒྱུ་རྐྱེན་རིགས་སྣ་ཚོགས་མགོ་ཁུངས་ནས་སེལ་དགོས། 

གྲོན་ཆུང་བྱས་ནས་དཔལ་ཡོན་ལྡན་པའི་ངང་དུས་ཆེན་རོལ་སྟངས་དར་སྤེལ་བཏང་ནས། བློ་བརྟན་འགྱུར་མེད་སྒོས་སྤྱོད་ངན་བཞི་བཅོས་ནས་སྤྱོད་ཚུལ་གསར་པ་འཛུགས་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་སྤྱོད་ཚུལ་དར་སྤེལ་བཏང་སྟེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་དགོས། སྐྱིད་འདོད་རིང་ལུགས་དང་བག་མེད་སྤྱོད་ཚུལ་ལ་བཀག་འགོག་དང་ཡོ་བསྲང་ནན་མོ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ནུས་ཤུགས་ཡོད་རྒུས་དག་ཐེར་བཅོས་སྐྱོང་བྱེད་དགོས། བྱ་བར་སྐུལ་འདེད་དང་དེ་ཕྱོགས་སྡོམ་བྱེད་པའི་མིང་གཡར་ནས་བྱ་བ་སྣ་ཚོགས་བསྒྲུབ་པ་དང་། གང་འདོད་སྒོས་གཞི་རིམ་ལ་ལས་འགན་བསྒྲུབ་ཏུ་མངགས་པ། ཕྱོགས་མང་པོས་ཡང་དང་བསྐྱར་དུ་རྒྱུ་ཆ་སྤྲོད་པ་དང་རེའུ་མིག་སྐོང་བའི་རེ་འདུན་འདོན་པ། ཐེངས་མང་པོར་ཞིབ་བཤེར་དཔྱད་ཞིབ་བྱེད་པ་སོགས་ཀྱི་སྣང་ཚུལ་མཐའ་གཅིག་ཏུ་བཅོས་སྐྱོང་བྱེད་དགོས། ཁེ་ཕན་རང་བཞིན་གྱི་ཁྲིམས་བསྟར་གནད་དོན་ལ་དམ་པོར་དམིགས་ནས། གང་འདོད་སྒོས་གླ་བསྡུ་བ་དང་ཆད་པ་གཅོད་པ། ཞིབ་བཤེར་བྱེད་པ། བཀག་སྡོམ་བྱེད་པ་སོགས་ཀྱི་སྣང་ཚུལ་ཤུགས་ཆེན་པོས་ཡོ་བསྲང་བྱེད་དགོས།

ལས་རེས་ལས་སྲུང་དང་འཕྲལ་བསྟུན་ཐག་གཅོད་ལ་ཤུགས་བསྣན་ནས། བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་བྱེད་པར་ཁག་ཐེག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན།

ལྷ་མོ་འཚོས་བསྒྱུར།