《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོར་སྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་སློབ་སྦྱོང་ཀློག་དེབ》པར་འགྲེམ་བྱས།
2024.12.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

 ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་པུའུ་ཡིས་རྩོམ་སྒྲིག་བྱས་པའི《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོར་སྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་སློབ་སྦྱོང་ཀློག་དེབ》ཉེ་ལམ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་བཀྲམ།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས“ཁྱོན་ཡོངས་གཉིས” ལ་གཅིག་གྱུར་འཆར་འགོད་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འཐབ་ཇུས་ཀྱི་མཐོ་ཚད་ནས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ་དང་། འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་བས། དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ཐད་མཐུན་སྒྲིལ་དང་།  འབད་འཐབ།   གསར་གཏོད།  ཧུར་ཐག་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོར་སྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་ནི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་བརྒྱའི་འཕེལ་རྒྱས་ལོ་རྒྱུས་ཀྱི་བློ་གྲོས་ཀྱི་སྙིང་བཅུད་དང་། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་རྩ་བའི་ཕྱོགས་སྟོན་ཡིན་ཞིང་།  ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་དེ“ཟུང་འབྲེལ་གཉིས”རྒྱུན་འཁྱོངས་བྱེད་པའི་ཁྲོད་བསམ་ཕྱོགས་གསར་པ་གཏོད་པར་སྐུལ་འདེད་བཏང་ཡོད།

《ཀློག་དེབ》དེར་ཁྱོན་སྡོམ་ལེའུ12ཡོད་ཅིང་། འཐབ་ཕྱོགས་གཅིག་གྱུར་གྱི་ཐབས་མཆོག་གལ་ཆེན་གྱི་ནུས་པ་འདོན་སྤེལ་དང་། ཁྱབ་ཁོངས་ཁག་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོར་སྒྲུབ་པ། ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་པ་སོགས་ཀྱི་ཐད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོར་སྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་ནང་དོན་གཙོ་བོ་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་འཆད་འགྲེལ་བྱས་ཡོད།

《ཀློག་དེབ》དཔེ་སྐྲུན་བྱས་པ་དེས་རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོར་སྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་དང་། གཏིང་ཟབ་པ། བརྒྱུད་རིམ་ལྡན་པ་བཅས་ཀྱི་སྒོ་ནས་སློབ་སྦྱོང་བྱེད་པར་ཕན་ཐོགས་པ་དང་། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བར་ཕན་ཐོགས་པ་རེད།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།