ཟླ12པའི་ཚེས25ཉིན། ཞིང་ཆེན་ཡོངས་ཀྱི2024ལོའི་ཞིང་ལས་དང་ལུས་རྩལ། རིག་གནས་ཡུལ་སྐོར། ཚོང་ལས་བཅས་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྤྱི་སྡོམ་བརྗེ་རེས་ཚོགས་འདུ་དང2025ལོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཞིང་སྡེ་དང་འབྲོག་ཁུལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཀང་གིས་བྱ་བའི་བླང་བྱ་བཏོན་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཏང་ཨུའི་ཞིང་སྡེ་དང་འབྲོག་ཁུལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཏང་ཨུའི་ཞིང་སྡེ་དང་འབྲོག་ཁུལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཚེ་རིང་ཐར་གྱིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧུང་གིས་གཏམ་བཤད།
ཁྲིན་ཀང་གིས་བྱ་བར་བླང་བྱ་འདོན་སྐབས་བསྟན་དོན། ཞིང་ལས་དང་ལུས་རྩལ། རིག་གནས་ཡུལ་སྐོར། ཚོང་ལས་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་བ་ནི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ནུས་ལྡན་གྱི་བྱེད་ཐབས་ཤིག་ཡིན་ལ། འཛད་སྤྱོད་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་གསར་གཏོད་ཀྱི་ཐབས་ལམ་ཡིན་ཞིང་། ཞིང་འབྲེལ་ཞིང་ཁྲིད་ཞིང་ཕན་བཅས་ཀྱི་ཐེག་གཟུགས་གཙོ་བོ་ཡིན་ཏེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་སྒུལ་ནུས་གསར་པ་དང་གསོན་ཤུགས་གསར་པ་བསྣན་ཡོད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མཉམ་འདྲེས་རྐྱེན་རྩ་དང་ཟུང་འབྲེལ་རྐྱེན་སྲོལ། འཁོར་རྒྱུག་རྐྱེན་སྲོལ་དང་སྐུལ་འདེད་ཐབས་ལམ་བཅས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། རིག་གནས་གསར་གཏོད་ཀྱི་འདོད་བློ་ཇེ་བརྟན་དུ་གཏོང་བ་དང་། རྒྱུ་རྐྱེན་དང་ཐོན་ཁུངས་དག་སྒྲིག་བྱས་ནས། བཅོས་སྒྱུར་སྙིང་སྟོབས་ཀྱིས་ཞིང་ཆེན་ཡོངས་ཀྱི་ལས་རིགས་ལྔ་མཉམ་འདྲེས་འཕེལ་རྒྱས་ཐད་ཕན་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས།
ཚོགས་འདུ་ལས་བསྟན་དོན། ལོ་ངོ་གཅིག་གི་རིང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཧུར་ཐག་སྒོས་དང་ལེན་བྱས་པ་དང་། རིགས་སོ་སོའི་མང་ཚོགས་རྒྱ་ཆེར་ཟབ་ཞུགས་བྱས་ཤིང་། ན་གཞོན་རིམ་འདས་མཉམ་འབྲེལ་འགྲན་སྡུར་དང་མཚོ་སྐོར་འགྲན་སྡུར། རོང་འབྲོག་མང་ཚོགས་ཀྱི་གཟེབ་གྲུག་འགྲན་སྡུར་སོགས་འགྲན་སྡུར་མང་པོ་སྤེལ་བ་བརྒྱུད། རྣམ་པ་སྣ་མང་དང་ཕུན་སུམ་ཚོགས་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་དང་། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་བྱ་བ་ལེགས་པོར་བསྒྲུབས་ཤིང་། ལས་རྣམ་མང་པོ་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་ལ། མཐོ་སྒང་གི་ཁྱད་ཆོས་གང་ལེགས་སྒོས་མངོན་པ་དང་། ཐོན་ལས་མཉམ་འདྲེས་གང་ལེགས་འབྱུང་བར་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་རམ་འདེགས་ནུས་ལྡན་བྱས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ལེགས་པོ་བླངས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཞིང་ལས་དང་ལུས་རྩལ། རིག་གནས་ཡུལ་སྐོར། ཚོང་ལས་བཅས་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང་། ན་གཞོན་རིམ་འདས་མཉམ་འབྲེལ་འགྲན་སྡུར་གྱི་ཁྱད་ཆོས་དང་ཚོང་རྟགས་རིན་ཐང་བསྐྲུན་ཞིང་། ཚོང་རྟགས་ཀྱི་མཚོན་བྱེད་འཐུས་ཚང་དུ་གཏོང་བ་དང་། འགྲན་སྡུར་ལ་འཆར་འགོད་ལེགས་པོ་བྱས་ནས། ཚོང་རྟགས་ཀྱི་རིན་ཐང་བསྐྲུན་དགོས། 2025ལོའི་ཞིང་ཆེན་ཡོངས་ཀྱི་ལུས་རྩལ་འགྲན་སྡུར་འཆར་འགོད་ཞིབ་ཚགས་བྱེད་པ་དང་། འགྲན་སྡུར་དེ་གཙོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ནས། ན་གཞོན་རིམ་འདས་མཉམ་འབྲེལ་འགྲན་སྡུར་དང་། གཟེབ་གྲུག་འགྲན་སྡུར། མཚོ་སྐོར་འགྲན་སྡུར་བཅས་འགྲན་སྡུར་གཙོ་བོ་གསུམ་སྣེ་ཁྲིད་དུ་བྱེད་པ་དང་། འགྲན་སྡུར་གལ་ཆེན་དང་མི་རིགས་ཀྱི་ལུས་རྩལ་འགྲན་སྡུར། གངས་ཤུད་ལུས་རྩལ་འགྲན་སྡུར་བཅས་གཅིག་འདོམས་སྒོས་སྤེལ་ཞིང་། དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་གཏོང་བ། ཕྱོགས་སོ་སོ་ཟབ་ཞུགས་བྱེད་དུ་འཇུག་པ། རྒྱུན་མཐུད་ངང་འགུག་ཤུགས་དང་ཤུགས་རྐྱེན་ཡོད་པའི་འགྲན་སྡུར་གྱི་ཚོང་རྟགས་སྐོར་ཞིག་བསྐྲུན་ཏེ། ཞིང་ལས་དང་ལུས་རྩལ། རིག་གནས་ཡུལ་སྐོར། ཚོང་ལས་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱེད་དགོས། ལས་རིགས་ལྔ་མཉམ་འདྲེས་ཀྱི་རྣམ་པ་སྐུལ་སྤེལ་བྱས་ནས། ལས་བྱེད་པས་སྒྲུབ་དགོས་པ་དང་། རིགས་ལམ་གསལ་དགོས་པ། རང་གཅུན་ནན་དགོས་པ་བཅས་ཀྱི་བྱ་བའི་བླང་བྱ་དེ་བྱ་བའི་དངོས་འབྲས་ཁྲོད་མངོན་པར་བྱེད་པ། ཞིང་འབྲོག་ལས་ཀྱི་ཚོང་རྟགས་ལེགས་པོར་བསྐྲུན་པ་དང་། ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་གཞི་ཁྱོན་རྒྱ་བསྐྱེད་པ། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བ། ལུས་རྩལ་གྱི་སྟེགས་བུ་ལེགས་པོར་བསྐྲུན་པ། སྟོབས་ནུས་སྦྱིན་པ་དང་ཤུགས་རྐྱེན་རྒྱ་བསྐྱེད་པ། ནང་དོན་ཕུན་སུམ་ཚོགས་པར་གཏོང་བ་དང་། ཞིང་འབྲོག་ལས་དང་རོང་འབྲོག་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་དྲག་པོ་སྣོན་དགོས།
ཚོགས་འདུ་ལས2024ལོའི་ཞིང་ཆེན་ཡོངས་ཀྱི་ཞིང་ལས་དང་ལུས་རྩལ། རིག་གནས་ཡུལ་སྐོར། ཚོང་ལས་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྤྱིའི་གནས་ཚུལ་བསྒྲགས། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན། ཞིང་ཆེན་ལུས་རྩལ་ཅུའུ། ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར། ཡུས་ཧྲུའུ་ཁུལ་དང་རྟ་ཐང་རྫོང་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་། གྲོང་ཁྱེར་དང་ཁུལ་སོ་སོ། ཞིང་ལས་དང་ལུས་རྩལ། རིག་གནས་ཡུལ་སྐོར། ཚོང་ལས་བཅས་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཚོད་ལྟའི་རྫོང་བརྒྱད་ཀྱི་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས།
ཚོགས་འདུའི་སྔོན་ལ། ཚོགས་ཞུགས་མི་སྣ་རྣམས་རྟ་ཐང་རྫོང་ཡའོ་ཙི་ཀུའུ་ཁང་ལི་གངས་ཤུད་ར་བ་དང་། ལེང་ཇོ་ཡུལ་ཚོའི་ཞཱ་ཀྲི་ཆོན་སྡེ་བར་སོང་ནས་ཡུལ་དངོས་སུ་གངས་འཁྱགས་ལུས་རྩལ་དང་མང་ཚོགས་ཀྱི་གཟེབ་གྲུག་ལུས་རྩལ་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་ལྟ་སྦྱོང་བྱས།
ལྷ་མོ་འཚོས་བསྒྱུར།