ཞིང་ཆེན་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་བྱ་བའི་གྲོས་ཚོགས་བསྡུས།
2024.12.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 26

ཟླ12ཚེས25ཉིན། ཞིང་ཆེན་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་བྱ་བའི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ནན་ཏན་གྱིས་དངོས་འབེབས་བྱས་ཤིང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བར་སྔར་ལས་ཤུགས་སྣོན་དང་ལེགས་བཅོས་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གྲོས་ཚོགས་སུ་ཞུགས་ཏེ་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་དང་ཁུལ་རེ་འགའི་སྲིད་གྲོས་ཀྱི་འགན་ཁུར་བློ་མཐུན་དགུ་ཡིས་བརྗེ་རེས་གཏམ་བཤད་བྱས།

གྲོས་ཚོགས་ལས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པས་འགན་སྒྲུབ་བྱས་པའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཀྱིས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བ་སྔར་ལས་འབུར་ཐོན་གྱི་གོ་གནས་སྟེང་བཞག་སྟེ། ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་ཐད་འབད་པ་ཆེན་པོ་བྱས་པ་དང་། ཏང་གི་མགོ་ཁྲིད་ནུས་ལྡན་བརྟན་པོ་ཡོང་བར་བྱས་ལ། གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ་ཏན་ཏིག་ཡིན་ལ་ཕན་ནུས་ལྡན་ཞིང་། གྲོས་མོལ་སྲིད་གླེང་གོ་རིམ་ལྡན་པར་སྐུལ་སྤེལ་དང་། མཐུན་སྒྲིལ་མཉམ་འབྲེལ་རྒྱུན་མཐུད་སྒོས་སྲ་བརྟན་དང་རྒྱ་བསྐྱེད་ཅིང་། རང་ངོས་འཛུགས་སྐྲུན་མངོན་གསལ་གྱི་འཕེལ་རྒྱས་བྱུང་ནས། སྲིད་གྲོས་ཀྱི་སྤུས་ཚད་མཐོ་བའི་འགན་སྒྲུབ་ལ་ཞབས་འདེགས་དང་། ཆུ་ཚད་མཐོ་བའི་བློ་འདོན་ཐད་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱས་ཡོད་ཅེས་བསྟན།

གྲོས་ཚོགས་ལས། ཏང་གི་མགོ་ཁྲིད་དེ་ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ཁ་ཕྱོགས་ཁོང་ཆུད་དང་སྤྱི་ཡོངས་དོ་དམ། དངོས་འབེབས་འགན་ལེན་བྱེད་པའི་བྱེད་ནུས་གལ་ཆེན་འདོན་སྤེལ་བཟང་པོ་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་དཀྱིལ་སྙིང་ལས་འགན་ལ་དམིགས་ནས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བར་ཞིབ་འཇུག་དང་འཆར་འགོད་བྱས་ཏེ། ཏང་འཛུགས་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན། འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲིའི་ལམ་ལུགས་ནན་ཏན་གྱིས་དངོས་འབེབས་བྱས་ནས། ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པར་ཁག་ཐེག་བྱ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྒྱུན་འཁྱོངས་བྱ་རྒྱུ་དེ་ལས་དོན་ཁག་སོ་སོའི་སྤྱིའི་རྩ་འཛིན་དུ་བྱས་ཏེ། གྲོས་གཞི་དང་པོའི་ལམ་ལུགས་ནན་ཏན་སྒོས་དངོས་འབེབས་དང་། ཆེད་དོན་དཔེ་ཀློག་གི་བརྗེ་རེས་བྱ་འགུལ་རྒྱུན་རྣམ་ཅན་དུ་གཏོང་བ། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་གྲུབ་འབྲས་མཐིལ་རྟོགས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གཙོ་གནད་དུ་བཟུང་ནས་སློབ་སྦྱོང་བྱས་ཏེ་ཤེས་པར་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་ནན་ཏན་དང་ལག་བསྟར་བྱེད་པ། འགན་སྒྲུབ་ཐད་མཁོ་བའི་འབྲེལ་ཡོད་ལས་གཉེར་ཤེས་བྱ་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས་ནས་འགན་སྒྲུབ་མཐའ་འཁྱོལ་གྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འགན་ནུས་ངེས་གནས་ལ་རྐང་བཙུགས་ཏེ། སྲིད་གྲོས་ཀྱི་གྲོས་མོལ་སྲིད་གླེང་གི་བྱ་འགུལ་སྣ་ཚོགས་སེམས་ཞིབ་མོས་སྒྲུབ་པ་དང་། གྲོས་གཞི་སྒྲུབ་པའི་གྲོས་མོལ་དང་། ལས་རིགས་ཁག་གི་གྲོས་མོལ། ཁ་གཏད་གྲོས་མོལ་བཅས་སྤེལ་བར་གཅིག་འདོམས་བྱེད་པ་དང་། རྟོག་ཞིབ་ཞིབ་བཤེར་དང་། དམངས་འདོད་ཆ་འཕྲིན་ལ་ལན་སྤྲོད་པ། རིག་གནས་ལོ་རྒྱུས་རྒྱུ་ཆ་སོགས་དུས་རྒྱུན་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་བྱ་བ་ཏན་ཏན་གྱིས་ཡག་པོར་སྒྲུབ་ནས། ཇུས་འདོན་སྲིད་གླེང་དང་ངོས་འཛིན་གཅིག་སྒྲིལ་གྱི་ཆུ་ཚད་ཤུགས་ཆེན་པོས་མཐོར་འདེགས་གཏོང་དགོས།  དམངས་གཙོ་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལ་མཐུན་སྦྱོར་གཞོགས་འདེགས་བྱེད་པར་ཤུགས་བསྣན་ཏེ། སྲིད་གྲོས་ཀྱི་གྲོས་གཞིར་དམིགས་ནས་སློབ་སྦྱོང་བརྗེ་རེས་དང་རྟོག་ཞིབ་ཞིབ་བཤེར་སྤེལ་ནས། མཉམ་ལས་མཉམ་སྒྲུབ་ཀྱི་སྤུས་ཚད་དང་གྲུབ་འབྲས་རྒྱུན་མཐུད་སྒོས་གཏིང་ཟབ་ཏུ་གཏོང་དགོས། ཨུ་ཡོན་དང་འབྲེལ་གཏུག་བྱེད་པའི་སྦྲེལ་ཟམ་དང་སྒྲོག་ཐག་ལྟ་བུའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཨུ་ཡོན་གྱིས་སྲིད་དོན་ཤེས་པ་དང་། འགན་སྒྲུབ་ཞབས་འདེགས་ཞུ་བ། གྲུབ་འབྲས་བསྡུ་ལེན་ལན་སྤྲོད་སོགས་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་རོགས་བྱས་ནས། ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་པར་སྔར་ལས་བཟང་བའི་ཆ་རྐྱེན་བསྐྲུན་པ་དང་། སྔར་ལས་ལྷག་པའི་འགན་སྲུང་འདོན་སྤྲོད་བྱ་དགོས་ཞེས་ནན་གྱིས་བསྟན།

རིན་ཆེན་རྣམ་རྒྱལ་དང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། ལིས་ཞའོ་ནན། ལིའུ་ཏ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། ཕིན་ཡུའུ་ཏུང་བཅས་གྲོས་ཚོགས་སུ་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།