ཟླ12ཚེས26ཉིན། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་ལྟ་སྐུལ་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། རྒྱལ་ཡོངས་ཀྱི་ལས་བྱེད་པའི་ལྟ་སྐུལ་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་པ་དང་། མིག་སྔར་དང་ཕྱིན་ཆད་དུས་སྐབས་ཤིག་གི་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་ལྟ་སྐུལ་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་ལྟ་སྐུལ་བྱ་བས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མཚོ་སྔོན་གྱི་ལག་ལེན་སྤེལ་བའི་ཁྲོད་འགན་འཁྲི་འཁུར་བར་སྐུལ་འདེད་བཏང་སྟེ་ཕན་འབྲས་མངོན་གསལ་བླངས་ཡོད། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་བཅོས་སྒྱུར་གྱི་སྙིང་སྟོབས་དང་ཚད་གཞི་ནན་མོའི་ཐོག་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་བྱེ་བྲག་ཅན་དང་། གནད་སྨིན་ཅན། རྒྱུན་ལྡན་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་སྟེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། རང་འགན་གཙང་སྒྲུབ་དང་འགན་འཁྲི་འཁུར་ཕོད་པར་བྱས་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དོ་དམ་ནན་མོ་དང་གནོན་ཤུགས་ཆེ་རུ་གཏོང་བ། བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ་བཅས་ཀྱི་ཐོག་ནས་ལས་སྒྲུབ་ལས་གཏོད་ཀྱི་འབད་འཐབ་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། སྒྲིག་ཁྲིམས་དང་སྤྱོད་ཚུལ་གཙོ་གནད་དུ་འཛིན་པའི་རྒྱུན་ལྡན་གྱི་ལྟ་སྐུལ་བྱེད་པ་དང་། “བསྐྱར་འདེམས་ཉུང་འདོམས”ཀྱི་གནད་དོན་ལ་མཐོང་ཆེན་དང་ཐག་གཅོད་བྱེད་དགོས། མི་འདེམས་སྤྱོད་ལྟ་སྐུལ་བྱ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་སྟེ། འདེམས་བསྐོའི་ཕྱོགས་སྟོན་དང་། གོ་རིམ། སྤུས་ཚད། གྲུབ་འབྲས་བཅས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་དགོས། སྐོར་ཞིབ་དག་ཐེར་ལྟ་སྐུལ་གྱི་བྱ་བའི་ཤུགས་ཚད་ཆེ་རུ་གཏོང་བ་དང་། གཅིག་ཤེས་ཀུན་གྲོལ་དང་སྒྲིག་སྲོལ་ལམ་ལུགས་འཛུགས་པར་མཐོང་ཆེན་བྱས་ཏེ། ཡོངས་ཁྱབ་རང་བཞིན་དང་གཏིང་ཟབ་པའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། ལྟ་སྐུལ་སྟོབས་ཤུགས་སྣ་ཚོགས་མཐུན་སྦྱོར་མཉམ་འགུལ་གཏིང་ཟབ་བྱེད་པ་དང་། མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་པ། ལྟ་སྐུལ་ཐོན་ཁུངས་བསྡུ་སྒྲིལ། བྱ་བའི་མཉམ་ཤུགས་གཅིག་འགྲིལ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་རྩོམ་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།