ཟླ12ཚེས27ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་འཕེལ་རྒྱས་བསམ་ཕྱོགས་དང2035ལོའི་རྒྱང་ལྟའི་དམིགས་འབེན་ཐད་ཆེད་མཁས་པའི་བློ་འདོན་ཇུས་འབུལ་གྱི་ཆེད་དོན་གྲོས་ཚོགས་བསྡུས་པ་དང། ཁྱབ་ཁོངས་མང་པོའི་ཆེད་མཁས་པ་ཟི་ལིང་དུ་འཛོམས་ནས། མཚོ་སྔོན་གྱི་དགོས་གཏུག་གི་ལས་འགན་དང་འཕེལ་རྒྱས་ཀྱི་དགོས་མཁོ། འབྱུང་འགྱུར་གྱི་གཙོ་འགན་བཅས་གཙོར་བཟུང་སྟེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་སྒྲིག་འགོད་ཐད་ནས་བློ་འདོན་ཇུས་འབུལ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།
གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཧྲི་ཡུས་ལུང་དང་། སྐྱེ་ཁམས་ཁོར་ཡུག་པུའུ་ཁོར་ཡུག་འཆར་འགོད་གླིང་གི་གླིང་གཙོ་གཞོན་པ་ཝན་ཅུན། ཀྲུང་གོ་ཚན་རིག་གླིང་ཚན་རྩལ་འཐབ་ཇུས་བློ་འདྲི་ཞིབ་འཇུག་ཁང་རིགས་གཞུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྥན་ཅེ། གློག་ཤུགས་འཆར་འགོད་ཇུས་བཟོ་སྤྱི་ཁྱབ་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཧུའུ་མེན། ཆུ་གློག་ཆུ་བེད་འཆར་འགོད་ཇུས་བཟོ་སྤྱི་ཁྱབ་ཁང་གི་ཏང་ཨུའི་ཧྲུའུ་ཅི་ལིས་ཧྲིན། ཀྲུང་གོ་གློག་རྡུལ་ཆ་འཕྲིན་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་སྤྱི་ཁྱབ་ཁང་གི་སྤྱིའི་བཟོ་བཀོད་པ་ཆིན་ཧའེ་ལིན། ཀྲུང་གོ་ཆ་འཕྲིན་ཞིབ་འཇུག་ཁང་ཐོན་ལས་དང་འཆར་འགོད་ཞིབ་འཇུག་སའོ་ཡི་སའོ་ཀྲང་ལིས་ཡོན། ཞིང་ལས་ཞིང་སྡེ་པུའུ་འཆར་འགོད་ཇུས་བཟོ་ཞིབ་འཇུག་ཁང་གི་དབུ་བཞུགས་ཆེད་མཁས་པ་ཁྲང་རུའེ་ཕུའུ། ཀྲུང་གོ་འཆར་འགོད་ཁང་པེ་ཅིང་འཆར་འགོད་ཇུས་བཟོ་ཚད་ཡོད་ཀུང་སིའི་འཆར་འགོད་ཇུས་བཟོ་སའོ་གསུམ་པའི་སའོ་ཀྲང་ལིས་མེན་བཅས་ཀྱིས། སྤྱི་ཁོག་དཔལ་འབྱོར་དང་། སྐྱེ་ཁམས་སྲུང་སྐྱོབ། གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས། དག་གཙང་ནུས་ཁུངས། བཟོ་ལས་དཔལ་འབྱོར། གཞི་གྲངས་དཔལ་འབྱོར་དང་ལྗང་མདོག་རྩིས་ནུས། གྲོང་གསེབ་དར་རྒྱས་སོགས་ཀྱི་ཕྱོགས་ནས་གནད་འཁེལ་དབྱེ་ཞིབ་བྱས་ཏེ། མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་དང་འབྱུང་འགྱུར་འཕེལ་རྒྱས་ཐད་ནས་ལྟ་ཚུལ་དང་གྲོས་གཞི་བཏོན། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་ཚའོ་ལིས་དང་། ཀྲུང་གོ་ཚན་རིག་གླིང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་སའོ་ཡི་སའོ་ཀྲང་ཟུར་པ་ཝུའུ་ཀྲི་ཅན། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་གླིང་གཙོ་གཞོན་པ་ཟུར་པ་སུན་ཧྥ་ཕིང་བཅས་ཀྱིས་ཡིག་ཐོག་གི་རྒྱུ་ཆ་སྤྲད།
ཁྲིན་ཀང་གིས་གཏམ་བཤད་ལ་ནན་ཏན་གྱིས་ཉན་རྗེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཆེད་ལས་མཁས་པ་རྣམས་ཀྱིས་དུས་ཡུན་རིང་པོར་མཚོ་སྔོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས་པ་དང་། ཚང་མའི་གཏམ་བཤད་ཀྱི་མིག་རྒྱང་རིང་ཞིང་། རྒྱལ་ཁབ་ཀྱི་འཐབ་ཇུས་དང་དམ་དུ་སྦྲེལ་ཡོད་ལ། ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྐང་བཙུགས་ཡོད་པས། འཐབ་ཇུས་རང་བཞིན་དང་། མདུན་ལྟའི་རང་བཞིན། མཛུབ་སྟོན་རང་བཞིན་བཅས་དྲག་པོ་ལྡན་ཞིང་། མཚོ་སྔོན་གྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་ཡག་པོར་བསྒྲུབ་པར་མཐོང་རྒྱ་དང་བློ་རྒྱ་བསྐྱེད་སོང་། འབྲེལ་ཡོད་སྡེ་ཁག་གིས་བསལ་དཀྲོལ་ཞིབ་མོ་དང་ཞིབ་འཇུག་གཏིང་ཟབ། བསྡུ་ལེན་གང་ལེགས་བྱས་ནས། མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་ལས་དོན་ཞིབ་ཚགས་ཀྱིས་བསྒྲུབ་དགོས་ཟེར།
ཁྲིན་ཀང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་སོགས་གྲོས་ཚོགས་གལ་ཆེན་སྟེང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་ལས་དོན་ལ་སྔ་མོ་ནས་འཆར་འགོད་བྱེད་པར་བླང་བྱ་གསལ་བོ་རབ་དང་རིམ་པ་བཏོན་ནས། རང་ཞིང་གིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་ལས་དོན་ཡག་པོར་བསྒྲུབ་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་དེར་སློབ་སྦྱོང་བྱས་ཏེ་གོ་བ་གཏིང་ཟབ་ལེན་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ནི་རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་སྔ་འཛིན་ཕྱི་གཏོད་ཀྱི་བྱ་བ་ཞིག་དང་གལ་འགངས་ཧ་ཅང་ཆེ་བའི་ལོ་ལྔ་ཡིན་པར་ངེས་ཤེས་ཟབ་མོ་བསྐྱེད་དགོས་ལ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་བསྐྲུན་པའི་རྨང་གཞིའི་བཙན་རྫོང་དང་འདེགས་གཞི་བརྟན་པོར་གཏོང་བའི་དུས་སྐབས་གལ་ཆེན་ཞིག་ཡིན་པས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་སྒྲིག་འགོད་བྱ་བ་ནན་ཏན་སྒོས་ཡག་པོར་བསྒྲུབ་དགོས། གནད་དོན་གྱི་ཁྲིད་ཕྱོགས་དང་འགན་འཁྲིའི་འདུ་ཤེས་དྲག་པོ། བྲེལ་མྱུར་རང་བཞིན་བཅས་ལ་བརྟེན་ནས་འཆར་འགོད་སྔོན་གྱི་ཞིབ་འཇུག་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་སྤེལ་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་པའི་རླབས་ཆེན་འཆར་འགོད་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པའི་ལག་ལེན་དངོས་ལ་འགྱུར་བར་བྱེད་དགོས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ། འཕེལ་རྒྱས་ཀྱི་མི་འདང་སར་ལྟ་བ་དང་ཚད་སྡུར་དགེ་མཚན་འདོན་སྤེལ་བྱེད་པ། ད་ཡོད་ཀྱི་ཐོན་ལས་དེ་གཞི་གྲངས་ཅན་དང་ལྗང་མདོག་ཅན་དུ་མཐུན་སྦྱོར་ཚུལ་སྒྱུར་བྱེད་པ། གྲོང་རྡལ་ཅན་འཕེལ་རྒྱས་དང་ཐོན་ལས་ཚུལ་སྒྱུར་རིམ་སྤོར་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་དོན་དམིགས་སུ་བཟུང་སྟེ། སྐྱེ་ཁམས་ཡུལ་སྐོར་གྱི་ལེའུ་ལེགས་པོར་རྩོམ་དགོས་ལ། གཞི་གྲངས་ལག་རྩལ་བཀོལ་བ་དང་ལྗང་མདོག་ལག་རྩལ་གྱི་སྒྱུར་བཅོས་ལ་བརྟེན་ནས་སྲོལ་རྒྱུན་ཐོན་ལས་མཐོར་འདེགས་དང་། ཚོང་གཉེར་ཁོར་ཡུག་རྒྱུད་མཐུད་ངང་ལེགས་བཅོས་བྱེད་དགོས། ས་གནས་ཀྱི་ཁྱད་ཆོས་དང་དགེ་མཚན་མངོན་པར་གསལ་བའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཤུགས་ཆེན་པོས་གསོ་སྐྱོང་བྱས་ནས། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་མཐུན་སྦྱོར་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱེད་སྐབས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་དམིགས་འབེན་ཕྱོགས་སུ་བསྐྱོད་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་པས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པར་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དང་འཕྲད་ཡོད། མཚོ་སྔོན་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་རྟགས་ཡང་དག་སྒོས་ཁོང་དུ་ཆུད་པར་བྱས་ཏེ། གསར་དར་བཟོ་ལས་ཅན་དང་གསར་དར་གྲོང་རྡལ་ཅན་དང་གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་བཅས་ལ་གཅིག་འདོམས་སྐུལ་འདེད་བཏང་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་སྔར་ལས་མང་བའི་གྲུབ་འབྲས་ལེན་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག དམངས་ཚིས་ལེགས་བཅོས་སོགས་ཁྱབ་ཁོངས་ལ་དམིགས་ནས། བཅོས་སྒྱུར་གྱི་བྱེད་ཐབས་བཀོལ་ནས་དཀའ་གནད་སེལ་བ་དང་འགག་རྩ་ནས་མེད་པར་གཏོང་དགོས། འཕེལ་རྒྱས་ཀྱི་བར་སྟོང་རྒྱ་བསྐྱེད་དེ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོའི་ཁྲོད་གཏིང་ཟབ་ཏུ་འདྲེས་པར་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་ཟུང་གི་ཁྲོད་ཧུར་ཐག་གིས་ཞུགས་ནས་སྒོ་འབྱེད་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་དགོས། རང་འགུལ་གྱིས་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱེད་པ་དང་དེར་ཞབས་འདེགས་ཞུས་ཏེ། འཆར་འགོད་ཁག་གི་སྡེབ་སྒྲིག་རང་བཞིན་དང་གཅིག་གྱུར་རང་བཞིན་ཤུགས་དྲག་ཏུ་གཏོང་བ་དང་། གོང་འོག་སྦྲེལ་མཐུད་དང་མཐུན་སྦྱོར་གཅིག་གྱུར། མ་ལག་འདུས་གྲུབ་བཅས་ཀྱི་འཆར་འགོད་མ་ལག་གྲུབ་པར་བྱེད་དགོས། ཆེད་ལས་མཁས་པས་ཧུར་ཐག་གིས་བློ་འདོན་ཇུས་འབུལ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་ཆེད་སྔར་ལས་ལྷག་པའི་རོགས་འདེགས་བྱ་དགོས་ལ། སྡེ་ཁག་སོ་སོས་མཐོང་རྒྱ་བསྐྱེད་པ་དང་རྟོག་དཔྱོད་ཞིབ་འཇུག་ལ་ཤུགས་སྣོན་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་སྒྲིག་འགོད་བྱེད་དགོས་ཞེས་བསྟན།
ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་དང་། ཀྲང་ཅིན་ཀང་། ཚེ་རིང་ཐར། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན། ཀྲུའུ་ཞང་ཧྥིན། ཧི་ལུའུ་ཁྲུན། ལུའེ་ཀང་། དབྱང་ཀྲི་ཝུན། ལིའུ་ཁྲའོ། ཝང་ཧའེ་ཧུང་། ཝང་ཀྲིན་ཁྲང་བཅས་གྲོས་ཚོགས་སུ་ཞུགས།
ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་པུའུ་ཨུ་དང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན། འབྲེལ་ཡོད་ཆེད་ལས་མཁས་པ་བཅས་གྲོས་ཚོགས་སུ་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།