ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་ཟླ12པའི་ཚེས31ཉིན་གྱི་སྔ་དྲོར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོམས་ཆེན་དུ་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་བསྡུས། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་མི་སྣ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་ཚབ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་མི་སྣ་དང་རྒྱལ་སའི་ལས་རིགས་སོ་སོའི་མི་སྣའི་འཐུས་ཚབ་བཅས་དང་ལྷན་དུ་འཛོམས་ནས། 2025ལོའི་ལོ་གསར་བསུས།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད། དགའ་སྐྱིད་ཀྱང་ཡོད་ལ་དཀའ་སྡུག་ཀྱང་ཡོད་སྲིད། ང་ཚོས་འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱེད་པ་དང་། ཀྲུང་ཧྭའི་བུ་བུ་མོ་རྣམས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་མཉམ་ཤུགས་དྲག་པོ་གཅིག་ཏུ་བསྡུས་ཏེ དཀའ་བ་ཁྱད་སེལ་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གོང་དུ་སྤེལ་བར་་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་མཛད་ནས་དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས། ཞང་ཀང་དང་ཨའོ་མིན། ཐའེ་ཝན་བཅས་ཀྱི་སྤུན་ཟླ་དང་། ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོ་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་རྒྱལ་ཁབ་སོ་སོའི་གྲོགས་པོ་བཅས་ལ་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཞུས།
ཞི་ཅིན་ཕིང་གིས2024ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན། ལོ་གཅིག་གི་རིང་ལ། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ཀྱི་འགྲན་སློང་ལ་འཕྲད་སྐབས་ང་ཚོས་བབ་བརླིང་འགྱུར་བསྟུན་དང་ཕྱོགས་བསྡུས་ཇུས་བསྟར་བྱས་པས། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྩ་བའི་དམིགས་འབེན་དང་ལས་འགན་བདེ་བླག་ངང་མངོན་འགྱུར་བྱུང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐད་ནས་གསར་དུ་གོམ་སྟབས་གསར་པ་སྤོས་ཡོད། ལོ་ངོ་གཅིག་རིང་གི་འཕེལ་རྒྱས་ཀྱི་བརྒྱུད་ལམ་ནི་སྤྱིར་བཏང་ཞིག་མིན་ལ། གྲུབ་འབྲས་ཀྱིས་མི་རྣམས་ལ་སྐུལ་མ་ཐེབས་ཡོད་ཅིང་། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་དང་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ལོ་ངོ་གཅིག་གི་རིང་། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱས་པ་དང་། ལས་འགན་གཙོ་བོར་དམིགས་ནས་འགན་སྒྲུབ་ཁག་ཁུར་བྱས་ཤིང་། རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བར་བྱས་རྗེས་གསར་པ་བཞག་ཡོད་ཅེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས2025ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྒྲིལ་བའི་ལོ་རེད། ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། ཆ་ཚང་ལ་ཡང་དག་ལ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་བསྐྲུན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་བཏང་ནས། ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱེད་པ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་གཅིག་འདོམས་བྱེད་པ། སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱེད་པ། དཔལ་འབྱོར་རྒྱུན་མཐུད་ངང་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་སྟེ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་སྲུང་འཛིན་བྱས་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ལས་འགན་དང་དམིགས་འབེན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་འབྱུང་བ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་མགོ་ཡག་པོ་རྩོམ་པར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་ཀྱིས་ཏང་གི་མགོ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། དཀྱིལ་སྙིང་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོནཔ། ཧུར་ཐག་གིས་སྲིད་གླེང་གྲོས་འདོན་བཅས་བྱས་ཏེ། སྔར་ལས་རྒྱ་ཁྱབ་ཏུ་མི་སེམས་གཅིག་སྒྲིལ་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།
ཇ་སྟོན་ཚོགས་འདུ་ལ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་མགོ་འཛིན་མཛད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་དམ་འཛིན་བརྟན་པོ་བྱས་ཏེ། དཀྱིལ་སྙིང་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ཏེ། བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འགན་འཁྲི་སྒྲུབ་ནུས་ཇེ་ཆེར་གཏོང་བར་སྐུལ་འདེད་གཏོང་བ་དང་། ཡིད་ཆེས་བརྟན་པོ་དང་མཐུན་སྒྲིལ་འབད་བརྩོན་བྱས་ནས། 2025ལོའི་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པར་རྒྱ་ཁྱབ་ཏུ་སེམས་ཤུགས་གཅིག་སྒྲིལ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་བསྟན།
ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མེན་ཅིན་གྱིས་དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ཚབ་ཏུ་གསུང་བཤད་གནང་། ཁོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སེམས་ཤུགས་གཅིག་མཐུན་དང་མཐུན་སྒྲིལ་འབད་འཐབ་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་དམིགས་འབེན་ཕྱོགས་སུ་ཞུམ་པ་མེད་པར་མདུན་སྐྱོད་བྱེད་རྒྱུ་ཡིན་ཞེས་བསྟན།
ཇ་སྟོན་ཚོགས་འདུའི་སྟེང་། ཞི་ཅིན་ཕིང་སོགས་ལས་རིགས་སོ་སོའི་མི་སྣའི་ཁྲོད་དུ་ཕེབས་ནས་ཚང་མར་བྱམས་བརྩེའི་ངང་ཕྱག་འཇུ་དང་འཚམས་འདྲི་གནང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་ཁྱད་མཚར་བའི་ལེ་ཚན་འཁྲབ་སྟོན་བྱས། མཇུག་མཐར། ཚོགས་ཆེན་ལ་ཞུགས་མཁན་ཡོངས་ཡར་ལངས་ནས《མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན》ཞེས་པའི་གླུ་དབྱངས་དེ་སྐད་གསང་མཐོན་པོས་བླངས། ཚོགས་རའི་ནང་དུ་དགའ་ཞིང་སྐྱིད་པའི་དུས་ཆེན་གྱི་རྣམ་པས་ཡོངས་སུ་ཁེངས།
པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགོ་ཁྲིད་བློ་མཐུན་ཁག་ཅིག་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་ཁྲིད་བློ་མཐུན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར་མྱོང་བའི་བློ་མཐུན་རྒན་པ་བཅས་ཇ་སྟོན་ཚོགས་འདུར་ཞུགས།
ལྷ་མོ་འཚོ་དང་གཡང་འབུམ་རྒྱལ་གཉིས་ཀྱིས་བསྒྱུར།