ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཐོབ་པའི་འཐུས་ཚབ་མི་སྣར་མཇལ་འཕྲད་གནང་།
2024.12.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

ཟླ12པའི་ཚེས31ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཞི་ཅིན་ཕིང་དང་ཚའེ་ཆི། ཏེན་ཞུའེ་ཞང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱར་ངལ་གསོ་བྱས་པའི་ལས་བྱེད་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཐོབ་པའི་འཐུས་ཚབ་མི་སྣར་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས31ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཐོབ་པའི་འཐུས་ཚབ་མི་སྣར་མཇལ་འཕྲད་གནང་བ་དང་། ཁོ་ཚོར་རྟེན་འབྲེལ་ཞུས་ལ། ཁོ་ཚོས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་ཆབ་སྲིད་རང་མདངས་བརྟན་སྲུང་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ཐད་མུ་མཐུད་དུ་བྱས་རྗེས་ཆེན་པོ་འཇོག་རྒྱུའི་རེ་བ་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གཉིས་མཇལ་འཕྲད་ལ་ཞུགས།

ཟླ12པའི་ཚེས31ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཞི་ཅིན་ཕིང་དང་ཚའེ་ཆི། ཏེན་ཞུའེ་ཞང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱར་ངལ་གསོ་བྱས་པའི་ལས་བྱེད་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཐོབ་པའི་འཐུས་ཚབ་མི་སྣར་མཇལ་འཕྲད་གནང་།

སྔ་དྲོའི་ཆུ་ཚོད་བཅུ་གཅིག་དང་སྐར་མ་སུམ་ཅུའི་སྟེང་། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཕེབས་པ་དང་། ཚོགས་ར་ཡོངས་སུ་དགའ་བསུའི་ཐལ་མོ་རྡེབ་སྒྲས་ཁེངས། ཞི་ཅིན་ཕིང་སོགས་ཀྱིས་འཐུས་ཚབ་མི་སྣ་ཚོར་མཛའ་བརྩེའི་ཕྱག་འཇུ་གནང་བ་དང་། གླེང་མོལ་མཛད་པར་མ་ཟད་རྗེས་དྲན་འདྲ་པར་བསྐྱོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལིས་ཀན་ཅེ་མཇལ་འཕྲད་ལ་ཞུགས་པར་མ་ཟད་ཚེས30ཉིན་གྱི་སྔ་དྲོར་བསྡུས་པའི་རྒྱལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཚོགས་འདུའི་སྟེང་གཏམ་བཤད། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་བྱེད་པ་རྒན་པའི་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་ཟབ་མོ་བྱེད་པ། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བཟང་བོར་སྒྲུབ་ནས། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་ངང་དུས་རབས་གསར་པའི་སྐྱོད་ལམ་གསར་པའི་ལས་བྱེད་པ་རྒན་པའི་བྱ་བ་བཟང་བོར་སྒྲུབ་དགོས།

ཚོགས་ཐོག་ཏུ་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་སྔོན་ཐོན་ཐུན་མོང་བརྒྱ་དང་ལྔ་བཅུ་དང་སྔོན་ཐོན་མི་སྒེར་བཞི་བརྒྱ་དང་ལྔ་བཅུ་ལ་གཟེངས་བསྟོད་བྱས། ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུའུ་ཡི་ལས་བྱེད་པ་རྒན་པའི་སྒྲོག་འགྲེལ་དཔུང་སྡེའི་འགན་ཁུར་མི་སྣ་ཉི་ལའེ་ཏིས་དང་། ཧྲན་ཞི་ཞིང་ཆེན་ཡུས་ལེན་གྲོང་ཁྱེར་ཅཱ་རྫོང་མི་དམངས་སྨན་ཁང་གི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་ལུའུ་ཧྲིན་མེ། ལྷ་གྲུ་རྟགས་ཅན་གྱི་འཕུར་གྲུའི་སྤྱི་ཁྱབ་ཇུས་འགོད་པ་དང་པོ་ཆི་ཧྥ་རིན་བཅས་ཀྱིས་སོ་སོར་ཚོགས་ཆེན་སྟེང་གཏམ་བཤད།

ཧི་ཝེ་ཏུང་དང་ཧྲིན་དབྱི་ཆིན་གཉིས་མཇལ་འཕྲད་ལ་ཞུགས། ཅང་ཞིན་ཀྲི་མཇལ་འཕྲད་ལ་ཞུགས་པར་མ་ཟད་ཚོགས་ཆེན་ལ་མགོ་འཛིན་བྱས།

རིན་ཆེན་མཚོས་བསྒྱུར།