2024ལོའི་ཟླ12ཚེས31ཉིན། ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། མིག་སྔར་གྱི་བྱ་བ་གཙོ་བོ་དང་སྲིད་གཞུང་གི་རང་ངོས་འཛུགས་སྐྲུན་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་ལའོ་ཏུང་ཁྲོན་གྱིས་གཏམ་བཤད།
གྲོས་ཚོགས་ལས་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་སྟེང་བཏོན་པའི་བླང་བྱ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། རང་སོ་སོའི་འགན་འཁྲི་ཁག་བགོས་བྱ་བར་ཟུང་འབྲེལ་གྱིས་ལག་བསྟར་དང་དངོས་འབེབས་དམ་འཛིན་དོན་འཁྱོལ་བྱས་ནས། ལས་དོན་ཁག་སོ་སོ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་པ་དང་། ཆབ་སྲིད་འཛུགས་སྐྲུན་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ངོས་འཛིན་ཟབ་མོ་བྱེད་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་བཟང་པོ་བྱེད་པའི་ལག་བསྟར་མཁན་དང་འགུལ་སྐྱོད་པ། དངོས་སྒྲུབ་པ་བཅས་ཡག་པོ་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་བྱ་བ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་དང་། རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་འཛུགས་པ། རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་ལྡན་ཞིང་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་ནུས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་དཔེ་མཚོན་འབད་པས་བསྐྲུན་དགོས་ལ། བློ་བརྟན་འགྱུར་མེད་སྒོས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་མཁན་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་བདེན་དོན་མཐའ་འཁྱོལ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་སྣེ་ཁྲིད་དུ་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་འཛུགས་པ་དང་། བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་ངང་བཟང་ཕྱོགས་སུ་འཕེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། དམངས་ཚིས་ལེགས་བཅོས་བྱ་བ་མགོ་རྩོམ་ས་དང་རྐང་ཚུགས་སར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་ལས་ཞུགས་གང་ལེགས་ཐུབ་པར་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། ཞིང་སྡེའི་སྡོད་དམངས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས། མི་དམངས་ཀྱི་བདེ་སྐྱིད་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་དྲོད་ཁོལ་ལྡན་པའི་རྨང་རྐང་དུ་འགྱུར་བར་བྱེད་དགོས། སྲིད་གཞུང་གི་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ་གནད་འགག་ཏུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྲིད་འཛིན་ཕན་ནུས་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས་ཤིང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། ནན་འཛིན་དངོས་སྒྲུབ་དང་ལས་མཁས་སྒྲུབ་མཁས་བྱེད་པ། གསར་གཏོད་བཅོས་སྒྱུར་དང་བྱེད་ཕྱོགས་ཁག་ཁུར་མངོན་པར་བྱས་ནས། མི་དམངས་ཡིད་ཚིམ་པའི་ཁྲིམས་སྐྱོང་སྲིད་གཞུང་དང་། གསར་གཏོད་སྲིད་གཞུང་། དག་གཙང་སྲིད་གཞུང་། ཞབས་ཞུའི་རྣམ་པའི་སྲིད་གཞུང་ཞིག་འབད་པས་བསྐྲུན་དགོས་ཞེས་བསྟན།
གྲོས་ཚོགས་ལས་ལོ་མཇུག་དང་ལོ་མགོའི་དུས་འདིར། ལས་དོན་ཁག་སོ་སོའི་ལས་འགན་ལྕི་ཞིང་རྙོག་འཛིང་ཆེ་བས། བྱ་བའི་རང་འགུལ་དབང་ཆ་ཁོང་དུ་དམ་པོར་ཆུད་པར་བྱས་ཏེ། སྔ་སྣུར་ལས་ཕྱི་སྣུར་མི་བྱེད་པ་དང་། བརྟན་ཞིང་ཕན་ནུས་མཐོ་ལ་གོ་རིམ་ཡོད་པའི་སྒོ་ནས་དངོས་འབེབས་དམ་འཛིན་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་མི་འདང་ཁ་གསབ་བྱས་ཏེ། ལས་དོན་ཁག་སོ་སོ་སྦྲེལ་མཐུད་ལེགས་པོ་དང་བར་བརྒལ་ལེགས་པོ། སྐུལ་འདེད་ལེགས་པོ་གཏོང་བར་ཁག་ཐེག་བྱ་དགོས། མགོ་མཇུག་བར་གསུམ་ནས་སྒྲུབ་མཁས་བྱས་ཏེ་ད་ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་དོན་ཁག་སོ་སོའི་མཇུག་བསྡུའི་བྱ་བ་ལེགས་པོར་བསྒྲུབས་ཏེ། སང་ལོའི་དུས་ཚིགས་དང་པོའི་སྲིད་ཇུས་བྱེད་ཐབས་དང་རྣམ་གྲངས་འཛུགས་སྐྲུན་བྱ་བར་སྔ་མོ་ནས་བཀོད་སྒྲིག་དང་སྔ་མོ་ནས་སྐུལ་འདེད་བཏང་ནས། ད་ལོའི་མཇུག་ཡག་པོར་བསྡུས་ཏེ་སང་ལོའི་མགོ་ཡག་པོར་རྩོམ་པར་ཁག་ཐེག་བྱ་དགོས། རྒྱལ་ཁབ་ཀྱི་གསོག་འབོར་སྲིད་ཇུས་དང་ཐོན་གྲངས་ཇེ་མང་དུ་གཏོང་བའི་སྲིད་ཇུས་ཁག་ཅིག་རྒྱུན་མཐུད་སྒོས་སྦྲེལ་མཐུད་དང་ལག་བསྟར་བཟང་པོ་བྱས་ཏེ། དུས་ལྟར་རང་ཞིང་གི་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་སྡེབ་སྒྲིག་ཕྱིར་འདོན་བྱེད་པ་དང་། སྲིད་ཇུས་ཁེ་སྤོགས་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་པར་བསྒྱུར་དགོས། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་སྔར་ལྷག་པའི་སེམས་ཁུར་བྱས་ཏེ། རིན་གོང་བརྟན་པོ་དང་དྲོད་འདོན་བརྟན་པོ་སོགས་ཀྱི་བྱ་བ་དམ་འཛིན་གང་ལེགས་བྱ་དགོས། ལྷོད་གཡེང་སྤུ་ཙམ་མེད་པར་བདེ་འཇགས་ཐོན་སྐྱེད་དམ་འཛིན་བཟང་པོ་བྱས་ཏེ། རིགས་སྣ་ཚོགས་ཀྱི་འགལ་བ་དང་རྩོད་གཞི་སེལ་ཐུབ་དང་ཞིབ་བཤེར་གཏིང་ཟབ་བྱེད་པ་དང་། སྤྱི་ཚོགས་སྤྱི་ཡོངས་ཀྱི་བདེ་འཇགས་བརྟན་འཇགས་ལ་སྲུང་སྐྱོང་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་རྩོམ་པར་སྔར་ལས་མང་བའི་བྱས་རྗེས་གསར་བ་འཇོག་དགོས་ཞེས་ནན་གྱིས་བསྟན།
རིག་འཛིན་སྒྲོལ་མས་བསྒྱུར།