ཟླ1པའི་ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་ཝུན་ཆིང་གིས་ཀྲུང་དབྱང་གི་ཁྲིམས་བཅར་བྱ་བའི་མཉམ་བསྡུས་ཚོགས་འདུའི་ཚང་འཛོམས་གྲོས་ཚོགས་སྟེང་དུ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་རྒྱུ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། དུས་ནམ་ཡང་རྒྱུན་འཁྱོངས་བྱེད་ངེས་ཡིན་པའི་བསམ་པའི་ངེས་ཤུགས་ལ་བརྟེན་ནས། འཕྲིན་བཅར་ལས་དོན་གྱི་ཁྲིམས་སྐྱོང་ཅན་རྒྱུན་ཆད་མེད་པར་ཟབ་སྤེལ་གཏོང་བ་དང་ཕན་འབྲས་སྔར་ལས་ཆེ་བ་ཡོང་བར་བྱེད་དགོས་ཞེས་ནན་བཤད་བྱས།
ཁྲིན་ཝུན་ཆིང་གིས2024ལོར་འཕྲིན་བཅར་བྱ་བ་ཁྲིམས་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ་ལས་བྱུང་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས《འཕྲིན་བཅར་བྱ་བའི་སྐོར་གྱི་སྲོལ་ཡིག》ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། “ལམ་ཐིག་ལམ་རིས”གཏོད་རྒྱུ་གནད་འགག་དུ་འཛིན་རྒྱུ་དང་། སྒྲུབ་བཤེར་ལྟ་སྒྲུབ་དང་འགན་འཁྲི་གནད་ལ་འཁེལ་བར་རྩད་གཅོད་བྱེད་རྒྱུ་གཞི་འཛིན་སར་བྱས་ཏེ། འཕྲིན་བཅར་བྱ་བའི་ཁྲིམས་སྐྱོང་ཅན་ཀྲུང་དབྱང་དང་ཞིང་ཆེན་རིམ་པ་ནས་གྲོང་ཁྱེར་དང་རྫོང་། ཞང་བཅས་སུ་རིམ་པ་རེ་རེ་བཞིན་སྤེལ་བར་སྐུལ་འདེད་ནན་མོ་གཏོང་དགོས། ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་འབྱུང་རྩ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུར་མཐོང་ཆེན་བྱེད་པ། དོན་དངོས་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མང་ཚོགས་ཀྱི་རེ་འདུན་ཅི་ཡོད་ཐག་གཅོད་བྱེད་མཁན་ཡོད་པ་དང་། མང་ཚོགས་ཀྱི་རེ་འདུན་རེ་རེར་ཁྲིམས་ལྟར་སྐུལ་འདེད་གཏོང་ཐུབ་པར་འགན་ལེན་བྱེད་དགོས། བརྡ་ཁྱབ་གཏོང་བ་དང་སྒྲུབ་བཤེར་བྱེད་པ། དཔྱད་ཞིབ་གཏོང་བ་བཅས་ཀྱི་ལས་དོན་ལེགས་བཅོས་བྱས་ཏེ། འགན་ནུས་སྡེ་ཁག་གི་འགན་འཁྲི་ཇེ་དམ་དུ་བཏང་ནས།“བདག་སྤྲོད་བྱ་དགོས་ཀྱང་བདག་སྤྲོད་མི་བྱེད་པ་དང་སྒྲུབ་དགོས་ཀྱང་མི་སྒྲུབ་པ། འགན་འཁྲི་བརྩད་གཅོད་བྱ་དགོས་ཀྱང་འགན་འཁྲི་རྩད་གཅོད་མི་བྱེད་པ། ཞིབ་བཤེར་ཐག་གཅོད་བྱ་དགོས་ཀྱང་ཐག་གཅོད་མི་བྱེད”བཅས་ཀྱི་གནད་དོན་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། མཉམ་བསྡུས་གྲོས་ཚོགས་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་དང་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ། དཀའ་གནད་མཁྲེགས་གཏོར་བྱེད་ཤུགས་ཆེ་རུ་གཏོང་བ། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་སྔར་ལས་གང་ལེགས་བྱེད་པ། སྤྱི་ཚོགས་བདེ་འཇགས་བརྟན་བརླིང་ལ་སྲུང་སྐྱོབ་སྔར་ལས་གང་ལེགས་བྱེད་པ་བཅས་བྱེད་དགོས་ནན་བཤད་བྱས།
རྒྱལ་སྲིད་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་པ་ཝུའུ་ཀྲིན་ལུང་གིས་ཚོགས་འདུར་འགོ་འཛིན་བྱས་ཏེ། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་དོན་ལྡན་ཡོང་བར་བྱས་ཏེ། བྱ་བ་གཙོ་བོར་འཛིན་པ་དང་ཡར་རྒྱས་བརྩོན་ལེན་བྱས་ནས། འཕྲིན་བཅར་ལས་དོན་ཁྲིམས་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་ནན་མོ་བཏང་ནས། འགལ་བ་དང་རྩོད་གཞི་སྣ་ཚོགས་དང་ཉེན་ཁའི་འགལ་རྐྱེན་ཅི་རིགས་ཕྱོགས་ཡོངས་ནས་ཞིབ་བཤེར་དང་ངོ་བོའི་སྟེང་ནས་ཐག་གཅོད་བྱས་ཏེ། འགན་འཁྲིའི་འབྲེལ་ཐག་ཇེ་དམ་དུ་བཏང་ནས། ལས་འགན་དང་བྱེད་ཐབས་ཁག་གི་དམ་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕན་འབྲས་དངོས་ཐོབ་པར་འབད་དགོས་ཞེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།