མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
2025.01.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ1ཚེས10ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི2024ལོའི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པར་མ་ཟད། 2025ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གི་གསུང་བཤད་གལ་ཆེན་གྱིས། འདས་པའི་ལོ་གཅིག་རིང་གི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱས་པའི་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་བྱས་པ་དང་། མིག་སྔའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་ལ་དབྱེ་ཞིབ་ཟབ་མོ་བྱས་ལ། དུས་རབས་གསར་པའི་བསྐྱོད་ལམ་གསར་པའི་ཏང་གི་འགན་འཁྲི་ལས་འགན་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་པ་དང་། ང་ཚོས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་བྱེད་པའི་ཐད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། གཏན་ཕབ་གཉིས་ཀྱིས་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཆོད་སེམས་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་རིགས་ལམ་གསལ་བོ་དང་ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་ཤེས་པར་བྱས་ཏེ། མཁྲེགས་གཏོར་གྱི་དམག་འཐབ་དང་ཡུན་རིང་གི་དམག་འཐབ། སྤྱིའི་དམག་འཐབ་འདི་མཐའ་གཅིག་ཏུ་བཟང་བོར་རྒྱག་དགོས།

ཚོགས་ཐོག་ནས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་དང་། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་ཟབ་མོ་བྱས་པ་དང་། བྱེད་ཐབས་དགུ་ལག་བསྟར་བྱས་ནས་ཁྲིམས་འགལ་ཟ་འཐུང་གནད་དོན་བཅོས་སྐྱོང་བྱས་ལ། ཁྲིམས་དང་འགལ་ནས་ལག་སྐྱེས་སྟེར་ལེན་བྱེད་པའི་གནད་དོན་ལ་ཆེད་དོན་བཅོས་སྐྱོང་བྱས་པ་དང་། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་གནད་དོན་ལ་རྩད་གཅོད་དང་ཐག་གཅོད་ནན་མོ་བྱས་ནས། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་བཟང་བོ་བསྐྲུན་ཆེད་ནུས་པ་གལ་ཆེན་འདོན་སྤྲོད་བྱས། སྤྱོད་བསྲང་སྒྲིག་གཅུན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། ཆབ་སྲིད་ལྟ་སྐུལ་བྱེ་བྲག་ཅན་དང་གནད་ཕིགས་ཅན། རྒྱུན་རྣམ་ཅན་དུ་བསྒྱུར་བ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་ཟབ་སྒྱུར་བྱེད་པ། སྲོལ་ངན་བཞི་དང་རུལ་སུངས་ལ་མཉམ་བཤེར་མཉམ་བཅོས་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་སྔོག་འདོན་དང་ཞིབ་བཤེར་ཟབ་མོ་བྱེད་པ། འགན་འཁྲི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་གཏིང་ཟབ་ཏུ་སྤེལ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་གཙོ་གཞིའི་འགན་འཁྲི་ཁུར་བ་དང་། གཟབ་ནན་གྱི་དགོངས་གཞི་དང་གཟབ་ནན་གྱི་བྱེད་ཐབས། གཟབ་ནན་གྱི་སྣང་ཚུལ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པ། རང་ཉིད་ཀྱི་འགན་འཁྲི་ལག་བསྟར་ནན་མོ་བྱེད་དགོས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་གྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ནས། སྒྲིག་ལམ་དམ་པོས་ལས་བྱེད་པས་ཁག་ཁུར་འབད་འཐབ་བྱེད་པར་སྐུལ་འདེད་གཏོང་བ་དང་། རུལ་སུངས་ལ་ཆད་གཅོད་ནན་མོ་བྱས་ནས་འཕེལ་རྒྱས་ཐད་གེགས་སེལ་སྲུང་སྐྱེལ་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།