མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།
2025.01.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ1ཚེས9ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཚབ་མ་ལའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། སྲིད་གཞུང་ཁོངས་གཏོགས་ཀྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་བྱེད་ཐབས་བཀོད་སྒྲིག་བྱས་ལ། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་དམངས་གཙོ་འཚོ་བའི་གྲོས་ཚོགས་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་དུ་ལག་བསྟར་བྱས་ནས། བྱས་འབྲས་དངོས་ཀྱི་སྟེང་ནས་ཆབ་སྲིད་ཀྱི་ཁག་ཁུར་མངོན་པར་བྱེད་དགོས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་ཟབ་སྒྱུར་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་དགོས། དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས།

ཚོགས་ཐོག་ཏུ་ཀྲུང་དབྱང་ཞིང་སྡེའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། མཁར་གྲོང་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཞིང་སྡེའི་བཅོས་བསྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་ནས། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ཟས་རིགས་སོགས་ཞིང་ལས་ཐོན་རྫས་ཀྱི་མཁོ་འདོན་འགན་སྲུང་ནུས་པ་རྒྱུན་མཐུད་ངང་ཇེ་ཆེར་བཏང་སྟེ། ཟས་རིགས་བདེ་འཇགས་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་ཇེ་བརྟན་དུ་གཏོང་དགོས། སྟོབས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བྱེད་པའི་བྱ་བ་སྣ་ཚོགས་དམ་འཛིན་བྱས་ནས། གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བའི་སྣང་ཚུལ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱེད་དགོས། སྟོང་ཁྲི་བཟོ་སྐྲུན་གྱི་ཉམས་མྱོང་ལ་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པ་དང་། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་འཛུགས་སྐྲུན་བྱེད་རྒྱུ་སྣེ་ཁྲིད་བྱས་ཏེ། ཐོན་ལས་མཉམ་བསྲེས་འཕེལ་རྒྱས་ཀྱི་འགུལ་སྐྱོད་བཟང་བོར་སྤེལ་དགོས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ཉེར་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་སར་ཇ་སྟོན་ཚོགས་འདུ་བཅས་ཀྱི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང2025ལོའི་ལོ་སར་ཤིས་ཚིག་གི་དགོངས་དོན། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ཚད་རིམ6.8ཀྱི་ས་ཡོམ་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞང་ཀང་དང་ཨོ་མིན་བར་གྱི་བརྗེ་རེས་མཉམ་ལས་རྒྱུན་མཐུད་ངང་ཇེ་ཟབ་ཏུ་བཏང་ནས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་དགོས། ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་སྟེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྟེང་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་དགོས། གནོད་འགོག་གནོད་སྐྱོབ་བྱ་བའི་འགན་འཁྲི་ཇེ་དྲག་ཏུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས།

ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་པའི་ཁྲོད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། དམིགས་འབེན་རེ་བ་ཁོང་དུ་ཆུད་པར་བྱེད་པའི་ཁྲོད་མཉམ་ཤུགས་གཅིག་ཏུ་བསྡུ་བ། ཞིང་ཆེན་ཏང་ཨུའི་བཀོད་སྒྲོག་ལག་བསྟར་བྱེད་པའི་ཁྲོད་དངོས་སྒྲུབ་ལེགས་བརྩོན་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ནང་མཁོ་རྒྱ་སྐྱེད། ཐོན་ལས་མ་ལག དམངས་ཚིས་འགན་སྲུང་། བཅོས་བསྒྱུར་ཟབ་སྤེལ། སྒོ་འབྱེད་རྒྱ་སྐྱེད། རིགས་གསར་བའི་གྲོང་གསེབ་ཅན། ཉེན་ཁའི་འགོག་ཟོན་སོགས་ཀྱི་བྱ་བ་གཙོ་བོ་བཟང་བོར་བསྒྲུབ་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་རྣམ་པ་གསར་བ་ཧུར་ཐག་གིས་བསྐྲུན་དགོས།

ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་སྟེང་ཉེ་དུས་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཞིབ་བཤེར་གཟབ་ནན་དང་ཚད་ལྡན་དུ་གཏོང་ན། ཚད་མི་ལོངས་པར་མི་བྱེད་ལ་ཚད་བརྒལ་མི་ཡོང་བར་བྱེད་དགོས། སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་ལྟ་སྐུལ་དོ་དམ་གྱི་བརྒྱུད་རིམ་ཧྲིལ་བོའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། གསོ་རིག་སྨན་རྫས་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་མཉམ་དུ་ཤུགས་འདོན་དགོས། ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། ཟས་རིགས་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས། ནོར་ཁྲལ་གྱི་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས། འཕེལ་རྒྱས་ཀྱི་རང་འགུལ་རང་བཞིན་དང་ནོར་སྲིད་ཀྱི་རྒྱུན་བསྲིང་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། ལྕི་བ་གཉིས་དང་གསར་བ་གཉིས་ཀྱི་སྲིད་ཇུས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ས་བབ་དང་བསྟུན་ནས་གྲོང་ཁྱེར་གསར་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ཟླ་ཕོགས་ཆད་འཇོག་ལ་བཅོས་སྐྱོང་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་སྟེ། ཞིང་བ་ཞོར་ལས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས།

ཚོགས་ཐོག་ཏུ་ད་དུང་དམངས་ཚིས་དོན་དངོས་བཟོ་སྐྲུན་དང་ལོ་ཧྲིལ་བོའི་སྲིད་གཞུང་གི་ཁྲིམས་འཛུགས། གཞི་གྲངས་སྲིད་གཞུང་འཛུགས་སྐྲུན་སོགས་བྱ་བར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།