ལའོ་ཏུང་ཁྲོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ལས་ཁུངས་སུ་སོང་ནས་བསམ་ཚུལ་དང་གྲོས་གཞི་བསྡུ་ལེན་བྱས།
2025.01.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 34

ཉེ་ལམ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལའོ་ཏུང་ཁྲོན་སྔ་གཞུག་ཏུ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གྲོས་ལས་ཁུངས་སུ་སོང་སྟེ། 2024ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་སྙན་ཞུ་དང་ཁྱབ་བསྒྲགས་བྱས་ཚུལ་དང་། སྲིད་གཞུང་བྱ་བ་དང་སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་ཚུལ་བསྡུ་ལེན་མ་ཡིག་ཐད་ཀྱི་བསམ་ཚུལ་དང་གྲོས་གཞི་བསྡུ་ལེན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གཉིས་ཀྱིས་སོ་སོར་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས།

བཞུགས་མོལ་ཚོགས་འདུའི་ཐོག་ཏུ། ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པར་དམིགས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་བསྐྲུན་པ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་པ་སོགས་ལ་དམིགས་ཏེ་བློ་འདོན་ཇུས་འབུལ་བྱས་ཤིང་། སྲིད་གཞུང་བྱ་བའི་སྙན་ཞུ་བཟོ་བཅོས་ལེགས་བཅོས་བྱེད་པར་བསམ་ཚུལ་དང་གྲོས་གཞི་བཏོན། ཚང་མས་བལྟས་ན། འདས་པའི་ལོ་གཅིག་གི་རིང་ལ། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཆེ་རུ་སོང་བ་དང་ནང་ཁུལ་གྱི་དཀའ་ཁག་ཇེ་མང་དུ་སོང་བའི་ཛ་དྲག་རྙོག་འཛིང་གི་གནས་བབ་ལ་ཁ་གཏད་ནས། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་མ་ལག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག་ཏུ་གོ་སྐབས་དམ་འཛིན་དང་འབད་འཐབ་འགག་སྒྲོལ། ནན་འཛིན་དངོས་སྒྲུབ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྐུལ་འདེད་བྱ་བ་བརྟན་ཐོག་ལེགས་སྒྱུར་དང་། དཔལ་འབྱོར་འཁོར་སྐྱོད་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་ལེགས་པོ་མངོན་ཞིང་། ཁྱད་ལྡན་ཐོན་ལས་གཅིག་སྡུད་རྒྱ་བསྐྱེད་དང་བཅོས་སྒྱུར་སྒོ་འབྱེད་མུ་མཐུད་གཏིང་ཟབ་ཏུ་བཏང་བ་དང་། དམངས་ཚིས་འགན་སྲུང་བྱ་བ་ཏན་ཏིག་ནུས་ལྡན་དུ་གྱུར་ཡོད་ལ་སྤྱི་ཚོགས་སྤྱི་ཡོངས་འཆམ་མཐུན་བརྟན་འཇགས་ཡིན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པར་གོམ་སྟབས་བརྟན་པོ་གསར་དུ་སྤོས་ཡོད་པར་འདོད།

ལའོ་ཏུང་ཁྲོན་གྱིས་ཉན་ཞོར་དུ་ཟིན་བྲིས་བཏབ་པ་དང་མཚམས་རེར་ཚང་མ་དང་མཉམ་དུ་གྲོས་སྡུར་བརྗེ་རེས་བྱས་ཤིང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གྲོས་ཀྱིས་སྲིད་གཞུང་བྱ་བར་ནུས་ལྡན་ལྟ་སྐུལ་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་བཀའ་དྲིན་ཆེ་ཞུས། ལའོ་ཏུན་ཁྲོན་གྱིས་ཚང་མས་བཏོན་པའི་བསམ་ཚུལ་དང་གྲོས་གཞི་དག་སྲིད་གཞུང་བྱ་བ་ལེགས་བཅོས་དང་སྲིད་གཞུང་བྱ་བའི་སྙན་ཞུ་བཟོ་བཅོས་ཐད་རོགས་རམ་གྱི་ནུས་པ་ཆེན་པོ་ལྡན་ཞིང་། ཆབ་སྲིད་ཀྱི་འདུ་ཤེས་དང་འགན་འཁྲི་ཁུར་ལེན་གྱི་བྱེད་སྟངས་དྲག་པོ་མངོན་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚད་མཐོ་བའི་འགན་ཁུར་གྱི་སྙིང་སྟོབས་ཡོངས་སུ་མངོན་ཡོད་ཅིང་། སྲིད་གཞུང་བྱ་བའི་ཐད་ཀྱི་ཡིད་ཆེས་དང་རེ་འདུན་མཚོན་ཡོད་པས། ནན་ཏན་སྒོས་ཞིབ་འཇུག་གསལ་འགྲེལ་དང་བསྡུ་ལེན་གང་ལེགས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེ་བྲག་གི་ལག་ལེན་ཏུ་དངོས་སུ་བསྒྱུར་ངེས་ཡིན་ཞེས་བཤད་ལ། ལོ་གསར་བའི་ནང་དུ། ཞིང་ཆེན་སྲིད་གཞུང་གིས་སྔོན་ཆད་ལྟར་ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གྲོས་ཀྱི་བྱ་བར་རྒྱབ་སྐྱོར་བྱས་ཏེ། སྔར་ལས་ལྷག་པ་དང་རང་འགུལ་སྒོས་ལྟ་སྐུལ་དང་ལེན་བྱེད་ལ། སྤུས་ཚད་དང་ཕན་ནུས་མཐོ་བའི་སྒོ་ནས་འཐུས་མིའི་གྲོས་གཞི་དང་སྲིད་གྲོས་ཀྱི་གྲོས་གཞི་ཡག་པོར་བསྒྲུབ་རྒྱུ་ཡིན། ཚང་མས་གསལ་དག་གི་བསམ་ཚུལ་འདོན་པ་དང་དངོས་གཉེར་ཀྱི་ཐབས་ཇུས་གང་མང་བཏོན་ནས་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་ཆེད་སྟོབས་ཤུགས་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་ཧྥིན་ཁྲུན་དང་། ཉི་མ་སྒྲོལ་མ། ལོའུ་ཀང་། ཝང་ཅིན་ཀྲེ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། ལིས་ཞའོ་ནན། ཐེན་ཁོས། ལིའུ་ཏ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་བཅས་གྲོས་ཚོགས་སུ་ཞུགས། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་དང་། དྲུང་ཡིག་ཆེན་མོ་གཞོན་པ། གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་གཞོན་པ། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་འགན་ཁུར་མི་སྣ་བཅས་གྲོས་ཚོགས་སུ་ཞུགས། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྱིས་ཚོགས་ཐོག་ཏུ་བསམ་ཚུལ་དང་གྲོས་གཞིར་ཉན།

གྲོས་ཚོགས་སྐབས་སུ། ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་དང་། ཚེ་རིང་ཐར། དབྱང་ཀྲི་ཝུན། ལིའུ་ཁྲའོ་བཅས་ཀྱིས་སོ་སོར་དམངས་གཙོ་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་མི་སྣ་དང་། གཞི་རིམ་ལས་བྱེད་མང་ཚོགས་དང་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་སྡེ་ཁག་གི་མི་སྣ། བཟོ་ཚོང་ཁེ་ལས་སྡེ་ཁག་མི་སྣའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་ནས། སྲིད་གཞུང་གི་བྱ་བ་དང་སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་ཚུལ་བསྡུ་ལེན་མ་ཡིག་ཐད་ཀྱི་བསམ་ཚུལ་དང་གྲོས་གཞི་བསྡུ་ལེན་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།