ལའོ་ཏུང་ཁྲོན་གྱིས་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་སུ་རྟོག་ཞིབ་བྱས།
2025.01.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 21

ཟླ1པོའི་ཚེས12ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལའོ་ཏུང་ཁྲོན་གྱིས་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་སུ་རྟོག་ཞིབ་བྱས་པར་མ་ཟད་ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝུའུ་ཐེན་དབྱི་དང་བཞུགས་མོལ་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བཀོད་སྒྲིག་དོན་འཁྱོལ་བྱས་ནས། འབད་པ་ཆེན་པོས་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་དེ་མཚོ་སྔོན་ལ་རྐང་བཙུགས་ཤིང་རྒྱལ་ཡོངས་ལ་ཁ་ཕྱོགས་པ། འཛམ་གླིང་ལ་གྲགས་པ་བཅས་ཀྱི་ཆུ་ཚད་མཐོ་བའི་མཐོ་སྒང་གི་གསོ་རིག་ཞིབ་འཇུག་སྟེགས་བུར་བསྐྲུན་པ་དང་། མཐོ་སྒང་གསོ་རིག་གི་སྔར་ལས་མཚར་སྡུག་ལྡན་པའི་མ་འོངས་པ་བསྐྲུན་ཏེ། མཐོ་སྒང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་སྔར་ལས་སྲུང་སྐྱོབ་ལེགས་པོ་བྱེད་དགོས་ཞེས་ནན་གྱིས་བསྟན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་རྟོག་ཞིབ་ལ་ཞུགས།

ལའོ་ཏུང་ཁྲོན་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་འགྲེམ་སྟོན་ཁུལ་དུ་སོང་ནས་མཐོ་སྒང་གི་གསོ་རིག་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་སྤྱིའི་འཐབ་ཇུས། འཇོན་མིའི་རུ་ཁག་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ཐུགས་ཁུར་ཟབ་མོ་གནང་བ་དེ་མང་ཚོགས་བདེ་ཐང་བདེ་སྐྱིད་ཡོང་བའི་དངོས་ཡོད་འགུལ་སྐྱོད་དུ་བསྒྱུར་བ་དང་། མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་བབ་བསྟུན་མདུན་བསྐྱོད་བྱེད་པ། དམིགས་འབེན་གཏན་འཁེལ་དང་ཡུན་རིང་བྱས་རྗེས་འཇོག་པ། མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་དང་ཡང་ན་རྒྱལ་སྤྱི་རིམ་པའི་སྨན་བཅོས་དང་ཁམས་གསོའི་ལྟེ་གནས་ཧུར་ཐག་སྒོས་འཛུགས་སྐྲུན་བྱས་ཏེ། མཐོ་སྒང་གསོ་རིག་ཞིབ་འཇུག་དང་མཐོ་སྒང་ཁམས་གསོའི་ཐོན་ལས་འཕེལ་རྒྱས་ཀྱི་བྱ་བ་སྣ་ཚོགས་ཐད་གྲུབ་འབྲས་མི་དམན་པ་ལེན་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

དེའི་རྗེས་བསྡུས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། ལའོ་ཏུང་ཁྲོན་གྱིས་ཡོན་ཧྲི་ཝུའུ་ཐེན་དབྱི་ཡིས་མཐོ་སྒང་གསོ་རིག་ཞིབ་འཇུག་གནས་ཚུལ་ངོ་སྤྲོད་བྱས་པར་སེམས་ཞིབ་མོས་ཉན་རྗེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཡོན་ཧྲི་ཝུའུ་ཐེན་དབྱི་དང་ཞིང་ཆེན་ཡོངས་ཀྱི་མཐོ་སྒང་གསོ་རིག་ཞིབ་འཇུག་བྱ་བ་བསྒྲུབ་མཁན་ཚང་མར་ལྷག་་བསམ་རྣམ་དག་གིས་འཚམས་འདྲི་དང་ལུགས་རྙིང་ལོ་གསར་གྱི་རྟེན་འབྲེལ་ཞུས་པ་དང་། ཁོ་ཚོས་མཐོ་སྒང་གསོ་རིག་བྱ་གཞག་འཕེལ་རྒྱས་ཐད་བྱས་རྗེས་བཞག་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། ལོ་ངོ་མང་པོའི་རིང་། ཡོན་ཧྲི་ཝུའུ་ཐེན་དབྱི་གཙོ་བྱས་པའི་རང་རྒྱལ་གྱི་མཐོ་སྒང་གསོ་རིག་ཞིབ་འཇུག་བྱ་བ་བསྒྲུབ་མཁན་དག་གིས་མཚོ་བོད་མཐོ་སྒང་གི་དམིགས་བསལ་རང་བྱུང་ས་ཁམས་དགེ་མཚན་བེད་སྤྱོད་གང་ལེགས་བྱས་ཤིང་། མཐོ་སྒང་དུ་གཞི་ཚུགས་ནས་བྱ་བར་ཞིབ་འཇུག་དང་སེམས་ཤུགས་ཡོད་རྒུ་བཏོན་ལ། མཐོ་སྒང་གསོ་རིག་ཞིབ་འཇུག་བྱ་བ་ནན་མོར་བསྒྲུབ་སྟེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དང་འཛམ་གླིང་གི་མདུན་གྲལ་དུ་སླེབས། ཡོན་ཧྲི་ཝུའུ་ཐེན་དབྱི་ཡིས་ལུས་ཕུང་བདག་སྐྱོང་བྱས་ནས་མཐོ་སྒང་གསོ་རིག་ཞིབ་འཇུག་འཕེལ་རྒྱས་ཐད་མུ་མཐུད་དུ་བློ་གྲོས་ཀྱི་སྟོབས་ཤུགས་འབུལ་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ཟེར།

ལའོ་ཏུང་ཁྲོན་གྱིས་བསམ་བློའི་གོ་རྟོགས་སྔར་ལས་ཇེ་མཐོར་གཏོང་བ་དང་། མཐོ་སྒང་གསོ་རིག་ཞིབ་འཇུག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་བྱ་བ་གལ་ཆེན་དུ་བརྩིས་ནས་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཕྱི་ནང་གི་སྤུས་ལེགས་ཐོན་ཁུངས་དག་སྒྲིག་བྱེད་ཅིང་། ཕྱོགས་སོ་སོའི་བློ་གྲོས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། མཐོ་སྒང་གསོ་རིག་ཞིབ་འཇུག་གི་ཕྱོགས་བསྡུས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། མཚོ་སྔོན་གྱིས་མཐོ་སྒང་གསོ་རིག་གི་གྲུབ་འབྲས་གཡུར་དུ་ཟ་བ་ལེན་པར་འབད་པ་བྱེད་དགོས། མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་དུས་རིམ་གཉིས་པའི་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་དང་།  ལྗང་མདོག་བགྲོད་ལམ་བཏོད་ཅིང་། རྒྱུ་རྐྱེན་གྱི་འགན་སྲུང་ཇེ་དྲག་ཏུ་བཏང་ནས། ལས་གཞི་དུས་ལྟར་སྤུས་ལེགས་ནུས་མཐོ་སྒོས་འགྲུབ་པར་ཁག་ཐེག་བྱེད་དགོས། མཐོ་སྒང་གི་ཁམས་གསོའི་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བ་དང་། བློ་བརྟན་འགྱུར་མེད་སྒོས་ཐོན་ཁུངས་ཁོར་ཡུག་དང་འཇོན་མིའི་རུ་ཁག རིག་གཞུང་ཞིབ་འཇུག སྲིད་ཇུས་ལས་གཞི་སོགས་ཀྱི་དགེ་མཚན་དེ་ཐོན་ལས་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།