ཧི་ལིས་ཧྥིན་གྱིས་པེ་ཅིང་དུ2025ལོའི་ལུགས་རྙིང་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་བྱ་བར་ཞིབ་བཤེར་བྱས།
2025.01.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

སྤྱི་ཟླ1ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥིན་གྱིས་པེ་ཅིང་དུ་ལུགས་རྙིང་ལོ་སར་སྐབས་ཀྱི་ཕྱོགས་བསྡུས་སྐྱེལ་འདྲེན་བྱ་བར་ཞིབ་བཤེར་བྱས། ཧི་ལིས་ཧྥིན་གྱིས་ལུགས་རྙིང་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་ལས་མི་དམངས་མང་ཚོགས་དུང་ཕྱུར་མང་པོ་ཕྱིར་རང་ཁྱིམ་དུ་ལོག་ནས་ཁྱིམ་མི་ལྷན་འཛོམས་འབྱུང་བར་སྒུག་པའི་བརྩེ་བ་ཟབ་མོ་མཚོན་ཡོད་ཅིང་། དེ་ནི་ཆབ་སྲིད་ཀྱི་ལས་འགན་དང་དམངས་ཚིས་བཟོ་བསྐྲུན་གལ་ཆེན་ཞིག་ཡིན་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་བྱས་ཡོད། ས་ཆ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་ཁེ་ལས་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་དངོས་འབེབས་བྱས་ཏེ། བདེ་འཇགས་ཨང་དང་པོར་འཇོག་པ་དང་མི་རྩ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དང་། འགན་འཁྲི་ཁག་ཁུར་ཤུགས་དྲག་ཏུ་བཏང་ནས། ལུགས་རྙིང་ལོ་སར་སྐབས་ཀྱི་ཕྱོགས་བསྡུས་སྐྱེལ་འདྲེན་བྱ་བའི་བདེ་འཇགས་ཐོན་སྐྱེད་དང་ཞབས་ཞུ་འགན་སྲུང་བྱ་བའི་ལས་རིམ་སོ་སོ་ཏན་ཏིག་སྒོས་ལེགས་པོར་བསྒྲུབ་སྟེ། ལུགས་རྙིང་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་དུས་སྐབས་སུ་མི་དམངས་མང་ཚོགས་ཀྱི་བདེ་འཇགས་འགྲོ་སྐྱོད་ལ་ཁག་ཐེག་དང་འགྲིམ་འགྲུལ་དང་དངོས་ཟོང་འཁོར་རྒྱུག་བདེ་འཇགས་གེགས་མེད་དང་གོ་རིམ་ལྡན་པར་ཁག་ཐེག་བྱ་དགོས་ཞེས་ནན་གྱིས་བསྟན།

ཧི་ལིས་ཧྥིན་སྔ་གཞུག་ཏུ་ལིས་ཞན་ཞབས་ཞུ་ཁུལ་དང་ཏ་ཞིན་རྒྱལ་སྤྱིའི་གནམ་གྲུ་ཐང་། པེ་ཅིང་ས་ཚིགས་ནུབ་མ་བཅས་ལ་སོང་སྟེ། ཡུལ་དངོས་ནས་བདེ་འཇགས་ཐོན་སྐྱེད་དང་། ལོ་སར་དུས་ཀྱིས་སྐྱེལ་འདྲེན་རྩ་འཛུགས། དམངས་ཕན་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་ཤིང་། ལོ་སར་སྐྱེལ་འདྲེན་གྱི་ལས་ཡུལ་དང་པོར་འབད་འཐབ་བྱེད་པའི་དང་བླངས་པ་དང་། སྤྱི་བདེའི་ཉེན་རྟོག་པ། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་ལས་བྱེད་ལས་བཟོ་བར་འཚམས་འདྲི་བྱས།

ཧི་ལིས་ཧྥིན་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་ཚད་མཐའ་བསམ་བློ་དང་ཚད་བཀག་བསམ་བློ་ཇེ་དྲག་ཏུ་བཏང་སྟེ། བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་ཚོད་འཛིན་བྱ་བ་ཤུགས་དྲག་དང་བདེ་འཇགས་འགོག་རྐྱེན་ལ་ཞིབ་བཤེར་བྱེད་པ། ཐལ་དྲགས་པའི་གནམ་གཤིས་ལ་ཁ་གཏད་འཇལ་བ་དང་སྔོན་འགོག་བྱེད་པ། བདེ་འཇགས་འཁོར་སྐྱོད་ཀྱི་ཆ་རྐྱེན་དང་མི་འཚམ་པའི་གནས་ཤེས་རྟོགས་བྱུང་ཚེ་དུས་ལྟར་སྐྱེལ་འདྲེན་མཚམས་འཇོག་པ་དང་དུས་ཡུན་སྣུར་སྲིང་བྱེད་པ། སྐྱེལ་འདྲེན་གྱི་ཚད་ཇེ་ཉུང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་བསྡུ་ལེན་བྱེད་དགོས། ཉེན་ཁ་བརྒྱུད་ནས་སྐྱེལ་འདྲེན་དང་ཉེན་ཁའི་སྒོ་ནས་འཁོར་སྐྱོད་བྱེད་པ་གཏན་འགོག་བྱས་ནས་འགྲུལ་བ་བདེ་འཇགས་ངང་འགྲོ་བསྐྱོད་ཐུབ་པར་ཁག་ཐེག་བྱ་དགོས། ཕྱོགས་བསྡུས་སྐྱེལ་འདྲེན་བྱ་བར་རྩ་འཛུགས་གང་ལེགས་བྱས་ཏེ། སྐྱེལ་འདྲེན་གྱི་ཐོན་ཁུངས་གཅིག་འདོམས་ཀྱིས་བཀོད་སྒྲིག་བྱེད་པ། འགྲོ་སྐྱོད་ཞབས་ཞུ་ཤུགས་ཆེན་པོས་ལེགས་སྒྱུར་བྱས་ཏེ། འགྲོ་སྐྱོད་པ་སེ་ཉོ་བ་དང་རླངས་འཁོར་སྒུག་པ། རླངས་འཁོར་བརྗེ་བ་སོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་། རྒན་པ་དང་བྱིས་པ། དབང་བོ་སྐྱོན་ཅན་དང་སྦྲུམ་མ་སོགས་འགྲུལ་བ་གཙོ་གནད་དུ་བཟུང་ནས་སེམས་ཁུར་བྱེད་པ་དང་། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་དུས་ལྟར་ཕན་ནུས་མཐོ་བའི་སྒོ་ནས་ཐག་གཅོད་བྱས་ཏེ་འགྲུལ་བ་རྣམས་ཀྱི་སེམས་བདེ་རུ་འཇུག་དགོས་ཞེས་བསྟན།

རིག་འཛིན་སྒྲོལ་མས་བསྒྱུར།