ཟླ1པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ལས་དོན་ཚོགས་འདུ་ཟི་ལིང་དུ་འཚོགས། ཚོགས་ཐོག་ནས2024ལོའི་ནོར་སྲིད་ལས་དོན་ལ་སྤྱི་བསྡོམས་དང་མིག་སྔའི་ནོར་སྲིད་དང་དཔལ་འབྱོར་གྱི་གནས་བབ་ལ་དབྱེ་ཞིབ་བྱས་ཏེ། 2025ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་བསྟན་དོན། 2024ལོར་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་མ་ལག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་སྲིད་གཞུང་། ནོར་སྲིད་པུའུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ། རྙོག་འཛིང་ཆེ་ཞིང་ཛ་དྲག་གི་དཔལ་འབྱོར་གནས་བབ་ལ་ཁ་གཏད་ཧུར་ཐག་འཇལ་བ་དང་། འཐབ་ཇུས་ལས་འགན་གལ་ཆེན་གྱི་ནོར་ཤུགས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས། ནོར་སྲིད་ཀྱི་ཉེན་ཁ་དང་འགལ་རྐྱེན་སྔོན་འགོག་དང་སེལ་ཅི་ཐུབ་བྱས་ཏེ། ནོར་སྲིད་ཀྱི་ཚན་རིག་དང་མཐུན་པའི་དོ་དམ་ལ་སྐུལ་འདེད་བརྟན་པོ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བརྟན་བརླིང་ཁྲོད་ཡར་རྒྱས་བྱུང་བ་ནས་རིམ་པར་ལེགས་ཕྱོགས་སུ་འཕེལ། 2024ལོར་འཕར་སྣོན་བརྟན་པོ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོག་ཚད་དང་འཕར་ཚད་ཀྱི་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱས་ཏེ། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱིས་དཔལ་འབྱོར་སླར་གསོ་ཇེ་ལེགས་སུ་འགྲོ་རྒྱུར་སྒུལ་ཤུགས་གསར་པ་བསྣན་ཡོད། མི་དམངས་ཀྱི་དགོས་མཁོ་དང་ནོར་སྲིད་ཀྱི་ནུས་པ་དང་དམ་པོར་བསྟུན་ནས། དམངས་ཚིས་ཁྱབ་ཁོངས་ཀྱི་གཏོང་སྒོ་མུ་མཐུད་ནོར་སྲིད་གཏོང་སྒོའི་བརྒྱ་ཆའི75ཡན་དུ་རྒྱུན་འཁྱོངས་བྱས་ཏེ། ནོར་སྲིད་ཀྱིས་དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་སྔར་ལས་ཆེ་རུ་ཕྱིན་ཡོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། 2025ལོར་ནོར་སྲིད་སྲིད་ཇུས་སྔར་ལས་དགེ་མཚན་ལྡན་པའི་སྒོ་ནས་རྒྱུན་འཁྱོངས་དང་། མུ་མཐུད་དུ་ནུས་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། སྲིད་ཇུས་ཀྱི“སྡེབ་སྒྲིག་ཁུ་ཚུར”ཡག་པོ་སྤྱོད་དགོས་པ་དང་། ནོར་སྲིད་ཐོན་ཁུངས་དང་སྔོན་རྩིས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། ནང་མཁོ་རྒྱ་སྐྱེད་གཏོང་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་གཏོང་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཉམ་འདྲེས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ནོར་སྲིད་དང་དཔྱ་ཁྲལ་གྱི་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་གཏོང་བ། ནོར་སྲིད་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ། མ་དངུལ་སྤྱོད་པའི་ཕན་འབྲས་དང་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་གཏོང་བ། དཔལ་འབྱོར་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་འབེན་དང་ལས་འགན་སྤུས་ཚད་མཐོན་པོའི་སྒོ་ནས་ཡོངས་འགྲུབ་བྱེད་པ་བཅས་ལ་བརྩོན་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་ཡག་པོ་ཞིག་རྩོམ་ཆེད་རྨང་གཞི་བརྟན་པོ་བཏིངས་ནས། ནོར་སྲིད་ཞབས་ཞུའི་འགན་སྲུང་དང་འགན་ནུས་ལ་བརྟེན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབད་པས་རྩོམ་དགོས།
བན་དེ་སྐྱབས་ཀྱིས་བསྒྱུར།