མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པས་གྲ་སྒྲིག་ལས་དོན་ཚོགས་འདུ་ཐེངས་གཉིས་པ་འཚོགས།
2025.01.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

ཟླ1པའི་ཚེས13ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲ་སྒྲིག་ལས་དོན་གྱི་ཚོགས་འདུ་ཐེངས་གཉིས་པ་འཚོགས།  ཞིང་ཆེན་གྱི་ཚོགས་འདུ་གཉིས་ཡག་པོ་འཚོགས་དགོས་པའི་སྐོར་གྱི་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་བརྒྱུད་སྒྲོག་བྱས་པ་དང་། ཚོགས་ཆེན་གྲ་སྒྲིག་ལས་ཁུངས་ཀྱི་ཚན་ཁག་སོ་སོའི་ལས་དོན་འཕེལ་རིམ་གནས་ཚུལ་གྱི་སྙན་ཞུར་ཉན་ནས། མ་འོངས་པའི་གྲ་སྒྲིག་ལས་དོན་ཐད་བླང་བྱ་བཏོན།

གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་ནི། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”ཡོངས་འགྲུབ་བྱེད་དགོས་པའི་ལོར་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ།  ལས་ཀའི་སྙན་ཞུ་སོ་སོ་དང་ཁྲིམས་སྲོལ་གྱི་གྲོས་གཞིར་ཉན་དགོས་པར་མ་ཟད། ད་དུང་མི་དོན་འདེམས་བསྐོའི་ལས་འགན་གལ་ཆེན་ཡོད་པས། ཤུགས་རྐྱེན་ཆེ་ཞིང་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་ཚད་ཧ་ཅང་མཐོ།

གྲོས་ཚོགས་ལས་བླང་བྱ་བཏོན་དོན། ཚོགས་ཆེན་གྱི་གྲ་སྒྲིག་སྒྲིག་གཞིའི་ཚན་ཁག་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་བརྒྱད་པའི་དགོངས་དོན་སྣེ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ལ་མཐོང་ཆེན་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་པའི་མཐོ་ཚད་ནས་བསྡད་དེ། གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་རྒྱུའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས་མངོན་སུམ་ཆེ་རུ་གཏོང་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་དགོས་པ་དང་། རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་པ། ངེས་གནས་ཡང་དག་བཙལ་ཏེ་ཤུགས་འདོན་མ་མ་ནོར་བའི་སྒོ་ནས་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་སོ་སོར་སྐུལ་འདེད་ནན་མོ་གཏོང་དགོས། གནད་འགག་དང་ཞིབ་ཕྲའི་ཆར་དམ་འཛིན་གང་ལེགས་བྱས་ཏེ། ལས་ཀའི་སྤྱོད་ཚུལ་གཟབ་ནན་དང་འགན་གཙང་ལེན་གྱི་བསམ་པར་བརྟེན་ནས། གྲ་སྒྲིག་ལས་ཀའི་ལས་ཆོད་དང་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ལྟ་སྐུལ་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཀའི་སྒྲིག་ཁྲིམས་དང་ཚོགས་འདུའི་སྒྲིག་ཁྲིམས་ཇེ་དམ་དུ་བཏང་ནས། “གཟབ་རྒྱས་སྟབས་བདེ་དང་དངོས་གཉེར་གྲོན་ཆུང”གི་རྩ་དོན་གཞིར་བཟུང་སྟེ། ཚོགས་ཆེན་སྤྱོད་བཟང་བབ་གཙང་ཡོང་བར་འགན་ལེན་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།