ཞི་ཅིན་ཕིང་གིས་སི་རི་ལན་ཁའི་ཙུང་ཐུང་ཏིས་སཱ་ན་ཡ་ཁི་དང་གྲོས་མོལ་གནང་།
2025.01.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ1པའི་ཚེས15ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་སི་རི་ལན་ཁའི་ཙུང་ཐུང་ཏིས་སཱ་ན་ཡ་ཁི་དང་གྲོས་མོལ་གནང་།

ཟླ1ཚེས15ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་སི་རི་ལན་ཁའི་ཙུང་ཐུང་ཏིས་སཱ་ན་ཡ་ཁི་དང་གྲོས་མོལ་གནང་།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་སི་རི་ལན་ཁའི་བར་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་ལྡན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ68འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བདེ་ཐང་དང་བརྟན་བརླིང་ངང་འཕེལ་རྒྱས་སུ་ཕྱིན་ནས། རྒྱལ་ཁབ་མི་འདྲ་བའི་བར་གྱི་མཛའ་མཐུན་མཉམ་གནས་དང་གཉིས་ཕན་མཉམ་ལས་ཀྱི་དཔེ་མཚོན་བཏོད་ཡོད། ཕྱོགས་གཉིས་ཀས་མཉམ་དུ་འབད་བརྩོན་བྱས་པར་བརྟེན། ཀྲུང་གོ་དང་སི་རི་ལན་ཁའི་བར་གྱི་ལྷག་བསམ་ཟོལ་མེད་ཀྱི་རོགས་རེས་དང་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་འཐབ་ཇུས་མཉམ་ལས་ཟླ་གྲོགས་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཆེན་པོ་ཕྱིན་པ་དང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་བདེ་སྐྱིད་བསྩལ་ཡོད། མིག་སྔར། ཀྲུང་གོ་དང་སི་རི་ལན་ཁའི་འབྲེལ་བར་སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་འབྱེད་ཀྱི་ལོ་རྒྱུས་ཀྱི་གོ་སྐབས་ལྡན་པས། ཕྱོགས་གཉིས་ཀས་འཐབ་ཇུས་ཀྱི་མཐོ་ཚད་ནས་ཀྲུང་གོ་དང་སི་རི་ལན་ཁའི་འབྲེལ་བ་དམ་འཛིན་བྱས་ནས། ཀྲུང་གོ་དང་སི་རི་ལན་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སི་རི་ལན་ཁའི་བར་དུ་མཐའ་འཁོར་ཕྱི་འབྲེལ་གྱི་ཁ་ཕྱོགས་གལ་ཆེན་དུ་བརྩིས་ནས། སི་རི་ལན་ཁས་རང་རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་བྱ་རྒྱུར་སྔར་བཞིན་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། སི་རི་ལན་ཁ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་རང་སྟེང་ནས་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པར་མ་ཟད། སི་རི་ལན་ཁ་ཕྱོགས་དང་མཉམ་དུ། ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་བྱེད་པ། རྒྱལ་ཁབ་གཉིས་ཀྱི་སྡེ་ཁག་སོ་སོའི་བར་གྱི་གྲོས་མོལ་དང་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་གོས་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་བ་ཡིན་ན། གཞི་ནས་སི་རི་ལན་ཁའི་འཕེལ་རྒྱས་ལ་གོ་སྐབས་གསར་པ་སྟེར་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁའི་དཔལ་འབྱོར་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན། དེང་རབས་ཞིང་ལས་དང་གཞི་གྲངས་དཔལ་འབྱོར། རྒྱ་མཚོའི་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། བཀྲག་མདངས་འཚེར་ས་གསར་པ་བསྐྲུན་རྒྱུ་ཡིན། ཕྱོགས་གཉིས་ཀའི་མི་གཞུང་རིག་གནས་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི“སེམས་མཐུན་སེམས་འབྲེལ”ཇེ་དམ་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁ་ཕྱོགས་དང་མཉམ་དུ། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲིག་གཞིའི་ནང་གི་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ཏེ། གནམ་གཤིས་འགྱུར་ལྡོག་སོགས་མིའི་རིགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ལ་མཉམ་དུ་ཁ་གཏད་འཇལ་རྒྱུ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་འབྲེལ་རང་སྟོབས་རྒྱུན་འཁྱོངས་བྱས་ཏེ། ས་ཁུལ་ཞི་བདེ་བརྟན་བརླིང་དང་འཕེལ་རྒྱས་དར་རྒྱས་ཡོང་བར་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་ནན་གྱིས་གསུངས།

ཏིས་སཱ་ན་ཡ་ཁི་ཡིས་ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྣེ་ཁྲིད་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། སི་རི་ལན་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མུ་མཐུད་ཕྱོགས་མང་གི་གནས་ཡུལ་དུ་མཐུན་སྦྱོར་ལ་ཤུགས་སྣོན་དང་ཕན་ཚུན་རྒྱབ་སྐྱོར་བྱས་ནས། ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་ཡག་པོ་བྱེད་འདོད་ཡོད་ཅེས་བསྟན།

གྲོས་མོལ་བྱས་རྗེས་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་དང་། ཞིང་ལས་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱེད་པ། སྤྱི་ཚོགས་དམངས་ཚིས། གསར་འགྱུར་རླུང་འཕྲིན་བརྙན་འཕྲིན་སོགས་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་པོ་ཞིག་ལ་མིང་རྟགས་བཀོད་པར་མཉམ་དུ་བདེན་དཔང་གནང་།

གྲོས་མོལ་མ་བྱས་པའི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ། ཏིས་སཱ་ན་ཡ་ཁི་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཉིན་དེའི་དགོང་མོ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ། ཏིས་སཱ་ན་ཡ་ཁི་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།

ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།