སྤྱི་ཟླ1ཚེས15ཉིན། ཞིང་ཆེན་ཡོངས་ཀྱི་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་བ་དང་། གོ་སྐབས་དམ་འཛིན་དང་དངོས་སྒྲུབ་བརྩོན་ལེན་བྱས་ནས། ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། མཉམ་སྐྱོད་མཉམ་ལས་དང་ཕྱོགས་གཅིག་ཤུགས་འདོན། མ་འོངས་མཉམ་བསྐྲུན་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གྲུབ་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལའོ་ཏུང་ཁྲོན་གྱིས་ཚོགས་འདུར་མགོ་འཛིན་བྱས།
བཞུགས་མོལ་ཚོགས་ཐོག་ཏུ། མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟིའི་རྐང་འཛིན་དཔོན་ཡོན་ཧུང་ཝེ། ཀྲུང་གོ་ཧ་ཡང་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི་མཚོ་སྔོན་ཡན་ལག་ཀུང་ཟིའི་སྤྱི་གཉེར་ཁྲིན་ཡིའུ་ཚའེ། མཚོ་སྔོན་ཧྲི་ཏའེ་ནུས་ཁུངས་གསར་པ་ཚན་རྩལ་ཚད་ཡོད་ཀུང་ཟིའི་རྐང་འཛིན་དཔོན་གྱི་ལས་རོགས་ཁྲིན་ཧྲུན་ཧྲོས། མཚོ་སྔོན་ཨ་ཆེན་གངས་རྒྱབ་ཟས་རིགས་ཚད་ཡོད་ཀུང་ཟིའི་རྐང་འཛིན་དཔོན་ཧའོ་ལའེ། ཨ་ལིས་སྤྲིན་ནུས་སྡེ་ཚོགས་ཀྱི་སྤྱི་གཉེར་གཞོན་པ་ཁུའུ་ཝེ། ཀྲུང་གོ་ཡུལ་སྐོར་སྤྱི་ཁྱབ་ཁང་མཚོ་སྔོན་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་ཀྲན་ཅོན་དབྱིན་སོགས་ཁེ་ལས་པའི་འཐུས་མི་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣས་ཐོན་ལས་དགེ་མཚན་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དང་། ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་པ། མཐོ་སྒང་གི་ཁྱད་ལྡན་ཚོང་རྟགས་བསྐྲུན་པ། ལས་གཞི་གལ་ཆེན་མྱུར་དུ་དོན་འཁྱོལ་དངོས་འབེབས་བྱེད་པ། ཚིང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པ། དངུལ་རྩའི་ཞབས་ཞུའི་དངོས་གཞིའི་དཔལ་འབྱོར་གྱི་སྤུས་ནུས་ཇེ་མཐོར་གཏོང་བ་སོགས་ཀྱི་ཐད་ནས་སྔ་རྗེས་སུ་གཏམ་བཤད།
ཝུའུ་ཞའོ་ཅུན་གྱིས་ཉན་ཞོར་ཟིན་བྲིས་བཏབ་ཅིང་མཚམས་རེར་བློ་འདྲི་ཕྱིར་ལན་སྤྲད་ལ། འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་འབྲེལ་ཡོད་བསམ་ཚུལ་དང་གྲོས་གཞིར་ཞིབ་འཇུག་དང་གསལ་འགྲེལ་ཞིབ་མོ་བྱ་རྒྱུའི་མངག་བཅོལ་བྱས་ཤིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཁེ་ལས་ཀྱིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་གང་ལེགས་བཞག་པར་ལྷག་བསམ་རྣམ་དག་གི་བཀའ་དྲིན་ཆེ་ཞུས། ཁོས་བསྟན་དོན། མིག་སྔར། མཚོ་སྔོན་གྱི་རྒྱལ་ཡོངས་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་གོ་གནས་ལ་ད་ལྟའི་འདི་འདྲའི་གལ་ཆེ་བར་གྱུར་མྱོང་མེད་ལ། འཕེལ་རྒྱས་ཀྱི་ལམ་ཕྱོགས་ད་ལྟའི་འདི་འདྲའི་གསལ་བོ་བྱུང་མྱོང་མེད་ཅིང་། འཕེལ་རྒྱས་ཀྱི་མདུན་ལྗོངས་ཡང་ད་ལྟའི་འདི་འདྲའི་རྒྱ་ཆེ་བ་ཞིག་བྱུང་མྱོང་མེད། ཁེ་ལས་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་གཞི་དང་། ཁེ་ལས་པ་ནི་སྤྱི་ཚོགས་རྒྱུ་ནོར་གསར་སྤེལ་གྱི་སྐུལ་འདེད་མཁན་ཡིན་པས། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་ན། སྔོན་ལ་ཁེ་ལས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། དངོས་སྒྲུབ་བརྩོན་ལེན་ལ་སྐུལ་འདེད་གཏོང་ན། སྔོན་ལ་ཁེ་ལས་ཀྱི་ཧུར་བརྩོན་རང་བཞིན་ལ་སྒུལ་ནུས་སྩོལ་དགོས། དུས་བབ་དམ་འཛིན་ཁོང་ཆུད་པར་བྱས་ཏེ་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཁྲོད་ནས་ཡིད་ཆེས་ཇེ་བརྟན་དང་འགྱུར་ལྡོག་ཁྲོད་ནས་གཏན་ཤུགས་སྲུང་འཛིན་ཐུབ་པར་བྱེད་དགོས་པར་མ་ཟད། རང་འགུལ་འགྱུར་བ་གཏོང་བ་དང་ངར་ཤུགས་བསྐྱེད་ནས་སྔོན་དུ་བརྩོན་ལེན་བྱས་ནས་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་ཁོང་དུ་དམ་པོར་ཆུད་པར་བྱེད་དགོས། གོ་སྐབས་དམ་འཛིན་བྱས་ཏེ། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རྒྱལ་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ཁྲོད་དུ་རང་ངོས་གནས་ས་སྔར་ལས་འཚོལ་ཞིབ་ལེགས་པོ་བྱེད་པ། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མཚོ་སྔོན་གྱི་འཕེལ་རྒྱས་མཉམ་སྐྱོད་མཉམ་འགུལ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། མཐོ་རིམ་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་གྱི་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་གོ་སྐབས་བརྩོན་ལེན་དང་བྱེད་ཕྱོགས་ཧུར་ཐག་འདོན་དགོས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་བྱེད་པའི་ཁྲོད་དུ་གསར་གཏོད་བྱེད་ཕོད་པ་དང་རྩེ་གྲ་བརྩོན་ལེན་བྱེད་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཁྲོད་དུ་མཐོང་རྒྱ་བསྐྱེད་པ་དང་མཉམ་ལས་རྒྱ་བསྐྱེད་དགོས། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོའི་ཁྲོད་དུ་བློ་དཀར་ཁྲིམས་སྲུང་དང་འགན་འཁྲི་ཁུར་ལེན་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱ་ཆེད་བྱས་རྗེས་སྔར་ལས་ལྷག་པ་འཇོག་དགོས་ཞེས་བསྟན།
ཝུའུ་ཞའོ་ཅུན་གྱིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཞབས་ཞུ་འགན་སྲུང་བྱ་བ་ཕྱོགས་ཡོངས་ནས་ལེགས་པོར་བསྒྲུབ་སྟེ། གཡོ་འགུལ་མི་གཏོང་བ་གཉིས་རྒྱུན་འཁྱོངས་བྱེད་པ་དང་། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་པ། ཕན་ནུས་མཐོན་པོས་དོན་དག་གཅིག་ལེགས་འགྲུབ་བྱེད་པའི་བྱ་བའི་མ་ལག་འཐུས་ཚང་བཙུགས་ནས། ཁེ་ལས་ལ་རོགས་རམ་དང་ཁེ་ལས་ལ་དྲོལ་འཁོལ་སྐྱེལ་བའི་ཁྱབ་རྒྱ་སྔར་ལས་ཆེ་རུ་གཏོང་དགོས། སྲིད་ཇུས་ཀྱི་འདེགས་སྐྱོར་བྱེད་ནུས་ཤུགས་དྲག་ཏུ་བཏང་སྟེ། རྒྱལ་ཁབ་སྤྱི་ཁོག་སྙོམ་སྒྲིག་གི་སྲིད་ཇུས་བྱེད་ནུས་ཀྱི་གོ་སྐབས་དུས་ཡུན་དམ་འཛིན་དང་། དུས་མཐུན་འོས་འཚམ་སྒོས་དཔལ་འབྱོར་བརྟན་གཏོང་དང་། འཕེལ་རྒྱས་ལ་སྐུལ་བའི་དངོས་གཉེར་བྱེད་ཐབས་སྐོར་ཞིག་ཞིབ་འཇུག་དང་འགྲེམ་སྤེལ་བྱེད་དགོས་ཤིང་། འཇོན་མི་དང་ས་ཞིང་། ལྗང་གློག མ་དངུལ་སོགས་ཀྱི་རྒྱུ་རྐྱེན་འགན་སྲུང་བྱ་བ་མུ་མཐུད་ལེགས་པོར་བསྒྲུབས་ནས། མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ཀྱི་དགེ་མཚན་དེ་དཔལ་འབྱོར་གྱི་དགེ་མཚན་དང་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། ཁྲིམས་སྐྱོང་འགན་སྲུང་ཤུགས་དྲག་ཏུ་བཏང་སྟེ། ཚད་ལྡན་གྱི་ཁེ་ལས་དང་འབྲེལ་བའི་ཁྲིམས་བསྟར་ཆེད་དོན་འགུལ་སྐྱོད་སྤེལ་བ་དང་། སྔོན་འགོག་གཙོར་འཛིན་ཅིང་མཛུབ་སྟོན་ལག་བསྟར་བྱེད་པ། དོན་ཆུང་གི་ཆད་གཅོད་མེད་པར་བཟོ་བ་དང་ཚབས་ཆེན་ལ་ཆད་གཅོད་ནན་མོ་གཏོང་བའི་ཞབས་ཞུ་རྣམ་པའི་ཁྲིམས་བསྟར་རྣམ་པ་འཚོལ་ཞིབ་བྱས་ནས་བཙུགས་ཏེ། ལམ་ལུགས་ཀྱི་སྟེང་དྭངས་གཙང་གི་སྲིད་འཛིན་གྲོས་མོལ་འབྲེལ་བའི་འབྲེལ་ཟམ་ཞིག་བསྐྲུན་ནས། ཁེ་ལས་ཀྱིས་མཚོ་སྔོན་དུ་སེམས་བདེ་མོས་དངུལ་གཏོང་དང་སེམས་བདེ་མོས་བདག་གཉེར་བྱེད་ཐུབ་ཅིང་། བློ་སེམས་རྩེ་གཅིག་གིས་གསར་གཏོད་ལ་གཞོལ་བ་དང་སེམས་ཞིབ་མོས་འཕེལ་རྒྱས་གཏོང་ཐུབ་པར་བྱེད་དགོས་ཞེས་ནན་བཤད་བྱས།
ལའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱེད་སྐབས་བཤད་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། གཡོ་འགུལ་མི་གཏོང་བ་གཉིས་རྒྱུན་འཁྱོངས་དང་དངོས་འབེབས་བྱེད་པ། བདེ་ཐང་གཉིས་ལ་སྐུལ་འདེད་གཏོང་བ། ཚོང་ལས་བརྩི་མཐོང་དང་ཚོང་ལས་དར་སྤེལ་གཏོང་བའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སྲིད་ཇུས་སྣ་མང་དང་གཙོ་གཞི་སྣ་ཚོགས་ཀྱི་མཉམ་དུ་ཤུགས་འདོན་པར་སྐུལ་འདེད་གཏོང་དགོས་ཤིང་། འཕེལ་རྒྱས་ཀྱི་རྣམ་པ་སྲུང་འཛིན་དང་སྟོབས་ཆེར་གཏོང་བའི་སྒུལ་ནུས་གསོག་འཇོག་བྱས་ནས་ཞིང་ཆེན་ཡོངས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་གསར་བ་བསྐྲུན་དགོས། རྒྱ་ཆེའི་ཁེ་ལས་ཀྱིས་མཚོ་སྔོན་དུ་དངུལ་གཏོང་དང་མཚོ་སྔོན་དུ་ལས་གཏོད་བྱེད་ཅིང་། མཚོ་སྔོན་དུ་རྩ་བ་ཚུགས་པར་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་སྟེ། རྒྱུན་ཆད་མེད་པར་ཞིང་ཆེན་སྟོབས་ལྡན་དང་མཚོ་སྔོན་དར་སྤེལ་གཏོང་བའི་མཉམ་ཤུགས་གཅིག་སྡུད་བྱེད་པ་དང་། ཤུགས་ཆེན་པོས་གཙོ་དོན་ལ་ཞིབ་ཆ་དོད་པ་དང་དངོས་གཞིའི་ལས་དོན་ཇེ་ལེགས་སུ་གཏོང་བ། ཁེ་ལས་ལེགས་པོར་བསྒྲུབ་པ་དང་སྤྱི་ཚོགས་ལ་ཕན་འདོགས་པའི་ཁྲོད་དུ་མཐོ་རིམ་གསར་བ་ཞིག་བརྩོན་ལེན་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱ་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཕྱོགས་སོ་སོར་འཚམ་པའི་ཚོང་གཉེར་ཁོར་ཡུག་བསྐྲུན་ཏེ། ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མུ་མཐུད་མཐོར་འདེགས་གཏོང་བ་དང་། གཞི་གྲངས་ཅན་གྱི་སྩོལ་ནུས་ལ་ཤུགས་སྣོན་པ། ཞབས་ཞུ་རང་བཞིན་གྱི་འདུ་ཤེས་བརྟན་པོར་བཙུགས་ནས། སྒོ་འབྱེད་རང་བཞིན་གྱི་སྐྱེ་ཁམས་བསྐྲུན་ཏེ། ཆབ་སྲིད་དང་ཁེ་ལས་བློ་སེམས་གཅིག་མཐུན་དང་ཕྱོགས་གཉིས་མཉམ་སྐྱོད་ཐུབ་པའི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བར་ཤུགས་མཉམ་འདོན་བྱེད་དགོས་ཞེས་བསྟན།
ཞིང་ཆེན་གྱི་མགོ་ཁྲིད་ལིའུ་ཆི་ཧྥན་དང་། ཝང་ཝེ་ཏུང་། ཀྲང་ཅིན་ཀང་། ཚེ་རིང་ཐར། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན། ཀྲུའུ་ཞང་ཧྥིན། དབྱང་ཀྲི་ཝིན། ལིའུ་ཁྲའོ། ཝང་ཧའེ་ཧུང་། ཁྲིན་ཅི་ཝེ་བཅས་ཚོགས་འདུར་ཞུགས།
ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། གྲོང་ཁྱེར་དང་ཁུལ་སོ་སོའི་འབྲེལ་ཡོད་འགན་ཁུར་བློ་མཐུན། ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་དབང་ཁེ་ལས། དམངས་གཉེར་ཁེ་ལས། དངུལ་རྩ་ལས་ཁུངས་བཅས་ཀྱི་འཐུས་མི་ཚོགས་འདུར་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།