ཟླ1པོའི་ཚེས13ཉིན། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་དང་བཅོས་བསྒྱུར་བྱ་བའི་ཚོགས་འདུ་ཟི་ལིང་དུ་བསྡུས་ནས། 2024ལོའི་འཕེལ་རྒྱས་དང་བཅོས་བསྒྱུར་བྱ་བར་སྤྱི་སྡོམ་དང་དབྱེ་ཞིབ་བྱས་ལ། 2025ལོའི་གཙོ་གནད་ལས་འགན་ཁག་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཚོགས་འདུ་ལས་བསྟན་དོན། འདས་པའི་ལོ་གཅིག་རིང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་དང་བཅོས་བསྒྱུར་ཁོངས་གཏོགས་ཀྱི"དཔལ་འབྱོར་དབྱེ་ཞིབ་དང་ཆབ་སྲིད་ཞིབ་འཇུག ལོ་རེའི་འཆར་གཞི་དང་འཆར་འགོད། དུས་ཡུན་རིང་འབྲིང་གི་འཆར་འགོད། མ་དངུལ་གཏོང་བའི་དོ་དམ་དང་ལས་གཞིའི་འཛུགས་སྐྲུན། བཅོས་བསྒྱུར་དང་གསར་གཏོད། ཕྱོགས་བསྡུས་གཅིག་འདོམས་དང་ཕྱོགས་བསྡུས་དོ་མཉམ"བཅས་འགན་ནུས་ཆེན་པོ་ལྔ་ལ་དམ་པོར་དམིགས་ཏེ། "1148"གྱི་བྱ་བའི་མ་ལག་རྒྱ་བསྐྱེད་བྱེད་པ་དང་། སྤྱོད་ཚུལ་དང་ལས་གཞི། རྐྱེན་སྲོལ། མ་ལག་བཅས་དམ་འཛིན་བྱས་ཏེ་བྱ་བ་སྣ་ཚོགས་ལ་གྲུབ་འབྲས་གསར་བ་ལོན་པར་སྐུལ་འདེད་བྱས།
ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། 2025ལོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་དང་བཅོས་བསྒྱུར་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། ཏང་ཨུ་དང་སྲིད་གཞུང་གི་བློ་འདོན་པ་ཡག་ཤོས་བྱས་ཏེ། གནས་བབ་ལ་དབྱེ་ཞིབ་ནན་ཏན་བྱེད་པ་དང་། སྲིད་ཇུས་ལ་ཞིབ་འཇུག་བྱེད་པར་ཤུགས་སྣོན་པ། དཔལ་འབྱོར་འཁོར་བསྐྱོད་ལ་བཀོད་སྒྲིག་དང་དམ་འཛིན་ཏན་ཏིག་བྱེད་པ། ནང་མཁོ་རྒྱ་བསྐྱེད་ཀྱི་གཙོ་ཤུགས་དམག་བྱས་ཏེ། "གཙོ་གནད་གཉིས"དང"གསར་བ་གཉིས" ལ་སྤུས་ཚད་མཐོ་བའི་ངང་སྐུལ་འདེད་གཏོང་བ་དང་། གཙོ་གནད་ལས་གཞིའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཐོན་ལས་འཕེལ་རྒྱས་ཀྱི་གདོང་མཆོང་དམག་བྱས་ཏེ། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་སྐྲུན་པ་དང་། ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་པ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་དང་། སྐྱེ་ཁམས་ཁོར་ཡུག་བཟོ་སྐྲུན་ལག་བསྟར་བྱེད་པར་མཐུན་སྦྱོར་བྱེད་པ། "ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར"གྱི་འགུལ་སྐྱོད་ལ་སྣེ་ཁྲིད་དང་སྐུལ་འདེད་བྱེད་པ། སྤོབས་པ་ཆེན་པོས་བཅོས་བསྒྱུར་སྒོ་འབྱེད་ཀྱི་གཙོ་རྒོལ་བ་བྱས་ཏེ། མཉམ་ལས་དང་བརྗེ་རེས་གཏིང་ཟབ་སྤེལ་བྱེད་པ་དང་། མཚོན་རྟགས་རང་བཞིན་གྱི་བཅོས་བསྒྱུར་དོན་འཁྱོལ་བྱེད་པར་ཤུགས་སྣོན་པ། ས་ཁུངས་ཀྱི་གྲོང་ཁྱེར་དང་གྲོང་ཚོའི་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཆར་འགོད་པ་བྱས་ཏེ། རང་འགུལ་སྒོས་རྒྱལ་ཁབ་ཀྱི་ས་ཁོངས་འཐབ་ཇུས་ནང་ཞུགས་ནས། མི་གཞི་རྩར་འཛིན་པའི་རྣམ་པ་གསར་བའི་མཁར་གྲོང་ཅན་ལ་སྐུལ་འདེད་བྱེད་པ། མི་དམངས་ལ་ཞབས་ཞུ་བྱེད་པའི་གཅེས་སེམས་ཅན་བྱས་ཏེ། སྤྱི་བའི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་བ་དང་། མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་བྱས་ནས། འབྲུ་རིགས་དང་ནུས་ཁུངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས། ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྡུ་བ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་བ་གཏན་འབེབས་བྱེད་པར་གཅིག་འདོམས་གང་ལེགས་བྱེད་དགོས།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།