ཟླ1ཚེས17ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟི་ལིང་དུ་འཚོགས། ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་གཞོན་པ་ཏིན་ཧྲིན་ཕིན་གྱིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲ་སྒྲིག་དང་གྲོས་རིམ། ཉིན་རེའི་ལས་རིམ་སོགས་ཀྱི་གནས་ཚུལ་བསྒྲགས།
ཏིན་ཧྲིན་ཕིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཟླ1ཚེས18ཉིན་ནས་ཚེས21ཉིན་བར་ཟི་ལིང་དུ་འཚོགས་རྒྱུ་ཡིན་པ་དང་ཚོགས་ཡུན་ཉིན4རེད། གྲོས་ཚོགས་སྟེང་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཉན་པར་མ་ཟད་གྲོས་ཞིབ་བྱེད་པ་དང་། སྲིད་གྲོས་ཀྱི་གྲོས་གཞི་བྱ་བའི་གནས་ཚུལ་སྙན་ཞུ་དང་། སྲིད་གཞུང་བྱ་བའི་སྙན་ཞུ་དང་འབྲེལ་ཡོད་སྙན་ཞུ་གཞན་དག་ལ་ཉན་པ་དང་གྲོས་ཞིབ་བྱེད་པ། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་ལ་གྲོས་ཞིབ་བྱེད་པ་དང་གྲོས་འཆམ་འབྱུང་བ། སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞིར་ཞིབ་བཤེར་བྱས་པའི་གནས་ཚུལ་གྱི་སྙན་ཞུར་ཉན་པ། ཆབ་སྲིད་གྲོས་ཆོད་ལ་གྲོས་ཞིབ་བྱེད་པ་དང་གྲོས་འཆམ་འབྱུང་བ། འདེམས་བསྐོ་བྱེད་པ་བཅས་གྲོས་རིམ་བདུན་ཡོད།
མིག་སྔའི་བར་ད་ཐེངས་ཀྱི་གྲོས་ཚོགས་སྟེང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་ཁྱོན་བསྡོམས369འབྱོར་ཡོད། དེའི་ནང་དཔལ་འབྱོར་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི82དང་། སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་གྲོས་གཞི38། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་ཐད་ཀྱི་གྲོས་གཞི106། སྤྱི་ཚོགས་ཁྲིམས་ལུགས་ཐད་ཀྱི་གྲོས་གཞི92། མང་ཚོགས་འཚོ་བའི་ཐད་ཀྱི་གྲོས་གཞི43། མི་རིགས་ཆོས་ལུགས་ཐད་ཀྱི་གྲོས་གཞི8བཅས་ཡོད། གྲོས་གཞིའི་ནང་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་ལྷིང་བཅས་ཁྱོན་ཡོངས་ལ་དམིགས་པ་དང་། “རྒྱལ་དོན་གྱི་ཆེ་ཕྱོགས”དང་། ཞིང་ཆེན་གྱི་དོན་དག་གལ་ཆེན། དམངས་ཀྱི་དོ་ཁུར་བཅས་ལ་དམ་པོར་དམིགས་ཡོད་པས། ཨུ་ཡོན་གྱིས་གྲོས་འགོ་བཏོན་ནས་སྲིད་དོན་ལ་བློ་འདྲི་བྱེད་པ་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱེད་པའི་གྲུབ་འབྲས་གལ་ཆེན་གཅིག་བསྡུས་སྒོས་མཚོན་ཡོད།
དེ་དང་ཆབས་ཅིག་ད་ཐེངས་ཀྱི་ཚོགས་ཆེན་སྟེང་སྲིད་གྲོས་ཨུ་ཡོན་གྱི་ཚོགས་ཆེན་གཏམ་བཤད་ཁྱོན་བསྡོམས170བསྡུ་རུབ་བྱས་པ་དང་། དེའི་ནང་དོན་ནི“མཐོ་ས”འཛུགས་སྐྲུན་དང་། “གནས་བཞི”འཛུགས་སྐྲུན། འཛད་སྤྱོད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་བྱེད་པ། ས་མཐོའི་བདེ་ཐང་ཁམས་གསོ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རིག་གནས་རྒྱུན་འཛིན་སྲུང་སྐྱོང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ་སོགས་ཀྱི་ནང་དོན་གལ་ཆེན་དང་འབྲེལ་ཡོད། སྲིད་གྲོས་ཨུ་ཡོན15ཡིས་ཚོགས་ཆེན་སྟེང་ངག་ཐོག་གཏམ་བཤད་བྱ་རྒྱུའི་བཀོད་སྒྲིག་བྱེད་རྩིས་ཡོད་པ་དང་། གྲོས་གཞི121ཚོགས་ཆེན་སྟེང་ཡིག་ཐོག་གཏམ་བཤད་ཀྱི་དཔྱད་གཞིའི་རྒྱུ་ཆ་བྱ་རྩིས་ཡོད་པ་དེ་ལས་སྲིད་གྲོས་ཨུ་ཡོན་གྱིས་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པའི་ཉམས་འགྱུར་བཟང་པོ་མངོན་ཡོད།
2024ལོར། གྲོས་གཞི་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་ཀྱི་ཆ་འཕྲིན། རིག་གནས་ལོ་རྒྱུས་དཔྱད་གཞི་སོགས་མཚོ་སྔོན་སྲིད་གྲོས་ཀྱི་ཉམས་མྱོང་དང་བྱེད་ཐབས་ཁག་གསུམ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཁྱབ་གདལ་དྲིལ་བསྒྲགས་བྱས་པ་དང་། གྲོས་མོལ་སྲིད་གྲོས་ཁག8དང་། ལྟ་ཞིབ་རྟོག་ཞིབ་ཁག44རྩ་འཛུགས་བྱས་པ་དང་། གྲོས་གཞི309དང་གཙོ་གནད་གྲོས་གཞི23སྒྲུབ་པར་ལྟ་སྐུལ་བྱས་ལ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་ཀྱི་ཆ་འཕྲིན168ལ་ཚུར་སྣང་བྱུང་། ལོ་འཁོར་གྱི་འགན་འཁྲི་བསྒྲུབས་པའི་གྲུབ་འབྲས་གལ་ཆེན་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱི་བཀའ་བརྡ་མི་ཐེངས266ཐོབ་པས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་ཞབས་འདེགས་ནུས་ལྡན་ཞུས་ཡོད།
ཤ་བོ་གསེར་མཚོས་བསྒྱུར།