ཟླ1ཚེས17ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐོག་མ་འཚོགས། རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་ཟླ1ཚེས19ཉིན་ནས་ཚེས23ཉིན་བར་ཟི་ལིང་དུ་འཚོགས་རྒྱུ་ཡིན་པ་དང་། ཚོགས་ཡུན་ཉིན4དང་ཕྱེད་ཀ་རེད།
ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་མགོན་པོ་ཚེ་རིང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ན་ནིང་གི་ཟླ10པ་ནས་བཟུང་ཚོགས་ཆེན་གྲ་སྒྲིག་བྱ་བའི་ལས་ཁུངས་བཙུགས་པ་དང་། ཚོགས་དོན་དང་། དཔྱད་གཞི་གནད་བསྡུས། ཁྲིམས་སྲོལ། གྲོས་གཞིར་ཞིབ་བཤེར། འཆར་གཞི་དང་སྔོན་རྩིས་ཞིབ་བཤེར། རྩ་འཛུགས། དྲིལ་བསྒྲགས། ལོ་ཙཱ། འཕྲིན་བཅར། སྲུང་སྐྱོབ། སྤྱི་གཉེར་དང་སྨན་བཅོས་འགན་སྲུང་། ཚོགས་འདུའི་སྤྱོད་ཚུལ་དང་སྒྲིག་ཁྲིམས་ལྟ་སྐུལ་བཅས་ཚན་ཆུང12བཙུགས་ནས་གྲ་སྒྲིག་བྱ་བ་མགོ་བརྩམས། མིག་སྔར། ཚོགས་ཆེན་གྱི་གྲ་སྒྲིག་བྱ་བ་སོ་སོ་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།
ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པའི་སྟེང་གཏན་འཁེལ་བྱས་པ་བརྒྱུད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པར་ད་ལྟ་འཐུས་མི385ཡོད་པ་དང་། འཐུས་མི་དེ་དག་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ཀྱི་འཐུས་ཚབ་ཚོགས་པ9ནས་ཡོང་བ་རེད། འཐུས་མིས་འགན་དབང་སྔར་ལས་ལེགས་པར་ལག་བསྟར་བྱེད་ཆེད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འདེམས་བསྐོ་སྡེ་ཁག་སོ་སོར་མངགས་བཅོལ་བྱས་ནས་འཐུས་མི་སྒྲིག་འཛུགས་བྱས་ཏེ་ས་གནས་རང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས་ལྟ་ཞིབ་བྱ་བ་སྤེལ་བ་དང་། འཐུས་མིས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་པ་དང་སྙན་ཞུ་སོ་སོར་སྔར་ལས་ལེགས་པར་གྲོས་ཞིབ་བྱེད་དུ་འཇུག་དགོས། ཚོགས་ཆེན་གྱི་གྲོས་གཞིའི་ཚན་ཆུང་སྔོན་ལ་ཞུགས་ནས་འཐུས་མིའི་གྲོས་གཞི་དང་གྲོས་འགོ་བསྡུ་རུབ་ལེགས་སྒྲིག་གི་བྱ་བ་ཡག་པོ་བསྒྲུབ་དགོས། ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ཆེའི་འཐུས་མིས་རྟོག་ཞིབ་གཏིང་ཟབ་དང་། བསམ་གཞིགས་ནན་ཏན། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་རྒྱ་ཁྱབ་ངང་ཤེས་རྟོགས་བཅས་བྱས་ནས་ཚོགས་འདུའི་སྐབས་སུ་སྙན་ཞུ་སོ་སོར་གྲོས་ཞིབ་དང་སྤུས་ཚད་མཐོ་བའི་བསམ་འཆར་དང་གྲོས་འགོ་འདོན་རྒྱུར་གྲ་སྒྲིག་གང་ལེགས་བྱས་ཡོད།
གཞན་ཡང་ཚེས19ཉིན་གྱི་སྔ་དྲོའི་ཆུ་ཚོད9སྟེང་ཚོགས་ཆེན་འཚོག་མགོ་རྩོམ་རྒྱུ་ཡིན་པ་དང་། སྐབས་དེར་མཚོ་སྔོན་གསར་འགྱུར་དྲ་བ་སོགས་ཀྱིས་ཚོགས་ཆེན་མགོ་བརྩམ་པའི་གནས་ཚུལ་གཟབ་རྒྱས་དུས་མཉམ་དུ་ཐད་གཏོང་བྱ་རྒྱུ་རེད། ཚེས19ཉིན་ཕྱི་དྲོའི་ཆུ་ཚོད3སྟེང་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་དམངས་ཆེན་གྱི་ཆེད་དོན་ཚོགས་འདུ་འཚོག་རྒྱུ་ཡིན་པ་དང་། ཡོངས་བསྒྲགས་ཚོགས་འདུའི་སྟེང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གདན་འདྲེན་ཞུས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གནད་དོན་དང་དཀའ་གནད་གནད་དོན་ཐད་ནས་ཆ་འཕྲིན་ཁྱབ་བསྒྲགས་བྱ་རྒྱུ་མ་ཟད་གསར་འགོད་པའི་དྲི་བར་ལན་འདེབས་རྒྱུ་རེད།
ཤ་བོ་གསེར་མཚོས་བསྒྱུར།