ཟླ1ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་མཛད་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་ལ་ཞིབ་འཇུག་བྱས་པ་དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་བཀོད་སྒྲིག་དང་འཛུགས་སྐྲུན་ལེགས་སྒྱུར་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ། མཐོ་རིམ་སློབ་གསོའི་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟའི་བྱ་བར་ཞིབ་འཇུག་བཅས་བྱས།
གྲོས་ཚོགས་ལས་བསྟན་དོན། ལས་ཞུགས་ནི་དམངས་འཚོའི་གཞི་རྩ་ཡིན། ལས་ཞུགས་སྔོན་ལ་འཛིན་པ་རྒྱུན་འཁྱོངས་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ནུས་པ་གསོ་སྦྱོང་། ཞབས་ཞུའི་རོགས་རམ་བཅས་ལ་ཤུགས་བསྣན་ནས། སྤུས་ཚད་མཐོ་བའི་ལས་ཞུགས་ལེགས་པོ་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། ལས་ཞུགས་ལས་གནས་ཀྱི་སྦས་ཤུགས་སྔོག་འདོན་དང་ཤོང་ཚད་རྒྱ་སྐྱེད་གཏོང་ཤུགས་ཆེ་རུ་གཏོང་བ་དང་། སྔོན་ཐོན་བཟོ་སྐྲུན་དང་། ཞབས་ཞུའི་འཛད་སྤྱོད། དམངས་འཚོ་འགན་སྲུང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། ལས་གནས་གསར་སྤེལ་འཆར་གཞི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། ཧུར་ཐག་གིས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་ཞུགས་སྒུལ་ཤུགས་ཆེ་རུ་གཏོང་དགོས། ལས་ཞུགས་ལས་གནས་ཀྱི་སྦས་ཤུགས་སྔོག་འདོན་དང་ཤོང་ཚད་རྒྱ་སྐྱེད་གཏོང་ཤུགས་ཆེ་རུ་གཏོང་བ་དང་། སྔོན་ཐོན་བཟོ་སྐྲུན་དང་ཞབས་ཞུའི་འཛད་སྤྱོད། དམངས་འཚོ་འགན་སྲུང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། ལས་གནས་གསར་སྤེལ་འཆར་གཞི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་ཞུགས་སྒུལ་ཤུགས་ཆེ་རུ་གཏོང་དགོས། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་གནས་བརྟན་པོ་དང་ལས་གནས་ཇེ་མང་དུ་གཏོང་བའི་ཆེད་དོན་དངུལ་བུན་གྱི་དངུལ་གྲངས་མཐོ་རུ་གཏོང་བ། སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་མ་ལག་གིས་ལས་ཞུགས་དང་ལས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ལས་གནས་ཇེ་མང་དུ་བཏང་ནས་ཁ་གསབ་བྱ་ཡུལ་གྱི་ཁྱབ་ཁོངས་རྒྱ་བསྐྱེད་པར་ཞིབ་འཇུག་བྱེད་དགོས། གཞི་ཁྱོན་ཆེ་བའི་ལས་རིགས་རྩལ་ནུས་གསོ་སྦྱོང་སྤེལ་ནས་གསོ་སྦྱོང་མ་དངུལ་གཏོང་བ་དང་། སྒྲིག་ཆས་འཛུགས་སྐྲུན། ཁེ་ལས་ཟབ་ཞུགས་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། ལས་རིགས་དང་ཁྱབ་ཁོངས་དབྱེ་ནས་གསོ་སྦྱོང་འཆར་གཞི་བཟོ་དགོས་པ་དང་། གསོ་སྦྱོང་གི་རིམ་པ་དང་ཁ་གསབ་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། འཕེལ་རྒྱས་ལ་མཁོ་བའི་ཤེས་ལྡན་མི་སྣ་སྔར་ལས་མང་པོ་གསོ་སྐྱོང་བྱ་དགོས།
གྲོས་ཚོགས་ལས་བསྟན་དོན། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ནི་མི་དམངས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པའི་འགོག་སྲུང་དང་པོ་ཡིན། མིག་སྔར་དང་རྒྱང་རིང་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་དང་མི་གྲངས་གྲུབ་ཚུལ་གྱི་འགྱུར་ལྡོག མང་ཚོགས་ཀྱི་བདེ་ཐང་དགོས་མཁོ་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ནས། ཡུལ་བབ་དང་བསྟུན་ནས་འཛུགས་སྐྲུན་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ་དང་། མང་ཚོགས་ཀྱིས་རང་དང་ཐག་ཉེ་ས་ནས་སྨན་བཅོས་བྱེད་པར་སྟབས་བདེ་སྔར་ལས་ཆེ་བ་འདོན་སྤྲོད་བྱ་དགོས། ནུས་ཤུགས་ཡོད་རྒུས་གཞི་རིམ་གྱི་གཞི་རྩའི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། ནད་ཐོག་ཚན་ཁག་བཀོད་སྒྲིག་དང་སྨན་བཅོས་སྒྲིག་ཆས་ཀྱི་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ། གཞི་རིམ་གྱི་སྨན་རྫས་རིགས་སྣ་རྒྱ་བསྐྱེད་པ། སྨན་བཅོས་མི་སྣའི་གསོ་སྦྱོང་ལ་ཤུགས་སྣོན་པ། དལ་གཤིས་ནད་དང་རྒྱུན་མཐོང་ནད་རིགས་སྔོན་འགོག་དང་། སྨན་བཅོས། བདེ་ཐང་ཡོང་བ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། ཧུར་ཐག་གིས་རིམ་པ་དབྱེ་བའི་སྨན་བཅོས་ལམ་ལུགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། སྨན་བཅོས་འགན་སྲུང་གཏོང་སྤྲོད་དང་རིན་གོང་སོགས་སྙོམས་སྒྲིག་ནུས་པ་འདོན་སྤེལ་བྱས་ཏེ། རྒྱང་བསྟེན་སྨན་བཅོས་སོགས་ཆ་འཕྲིན་ཅན་གྱི་བྱ་ཐབས་སྤྱད་དེ་གཞི་རིམ་གྱི་ནད་པར་ཐོག་མར་སྨན་བཅོས་བྱེད་པར་ཁྲིད་སྟོན་བྱེད་པ་དང་། ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པའི་ཞབས་ཞུར་སྐུལ་འདེད་བཏང་སྟེ། སྡོད་དམངས་ལ་ཕྱོགས་ཡོངས་དང་ཚེ་སྲོག་གི་འཁོར་ཡུན་ཡོངས་ཀྱི་བདེ་ཐང་ཞབས་ཞུ་འདོན་སྤྲོད་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་སྣེ་ཁྲིད་ནི་མཐོ་རིམ་སློབ་གསོ་ཡིན། མཐོ་རོམ་སློབ་གྲྭའི་མི་གསོ་སྐྱོང་བྱེད་སྟངས་དང་། ཚན་རིག་ཞིབ་འཇུག་གི་དཔེ་སྟོན་བྱེད་ཐབས། སློབ་སྒྲུབ་བྱེད་སྟངས། བཅོས་སྐྱོང་མ་ལག་སོགས་ཐད་ཀྱི་བཅོས་སྒྱུར་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་ཀྱི་འཁོར་སྐྱོད་བཟང་པོ་ཆགས་སུ་བཅུག་ནས། མཐོ་རིམ་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས། རིག་ཚན་དང་ཆེད་ལས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དེ་བཅོས་སྒྱུར་གྱི་གཙོ་གནད་དུ་བརྩིས་ནས་མཐོ་རིམ་སློབ་གྲྭར་རང་བདག་གི་དབང་ཆ་སྔར་ལས་ཆེ་བ་སྤྲོད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་དང་། ཁྲོམ་རའི་དགོས་མཁོ། ཚན་རྩལ་འཕེལ་རྒྱས་བཅས་ཁྲིད་སྟོན་དུ་བྱས་ཏེ། རིག་ཚན་བཀོད་སྒྲིག་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་ཚན་རིག་དང་མཐུན་པའི་ལེགས་སྒྲིག་བྱེད་པ་དང་། སློབ་ཚན་དང་སློབ་དེབ་མ་ལག་འཐུས་ཚང་དུ་བཏང་སྟེ། རིག་ཚན་སྣོལ་སྡེབ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། མཐོ་རིམ་སློབ་གསོ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་མཐུན་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སློབ་གསོའི་གདེང་འཇོག་མ་ལག་བཅོས་སྒྱུར་གྱི་བཀོད་འདོམས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཐོ་རིམ་སློབ་གྲྭའི་ཁྱད་ལྡན་འཕེལ་རྒྱས་དང་དགེ་རྒན་གྱིས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཁྲིད་དང་ཞིབ་འཇུག་བྱ་རྒྱུར་ཁོར་ཡུག་བཟང་པོ་བསྐྲུན་དགོས།
གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
ཤ་བོ་རིན་མཚོས་བསྒྱུར།