མགོན་པོ་བཀྲ་ཤིས་ཀྱིས་ཞང་ཀང་དང་ཨའོ་མིན་གྱི་ཨུ་ཡོན་རྣམས་ལ་འཚམས་འདྲི་བྱས།
2025.01.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 28

ཟླ1པོའི་ཚེས17ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་ཞང་ཀང་དང་ཨའོ་མིན་གྱི་་ཨུ་ཡོན་རྣམས་ལ་འཚམས་འདྲི་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁོང་ཡུང་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

འཚམས་འདྲི་བྱེད་སྐབས། མགོན་པོ་བཀྲ་ཤིས་ཀྱིས་ཚང་མ་དང་བྱམས་བརྩེའི་ཁ་བརྡ་བྱས་ཤིང་། ཞང་ཀང་དང་ཨའོ་མིན་གྱི་ཨུ་ཡོན་རྣམས་ཀྱིས་དུས་ཡུན་རིང་པོར་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྒྲིལ་བའི་ལོ་ཡིན་ལ། ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱེད་པའི་ལོ་གཙོ་བོ་ཞིག་ཀྱང་ཡིན། ང་ཚོས་ཡིད་ཆེས་བརྟན་པོ་དང་དངོས་གཉེར་བརྩོན་ལེན་བྱས་ཏེ། སྔར་ལས་ནུས་ལྡན་སྒོས་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས། ཞང་ཀང་དང་ཨའོ་མིན་གྱི་ཨུ་ཡོན་ནི་རྒྱལ་གཅེས་ཀང་གཅེས་ཨའོ་གཅེས་ཀྱི་སྟོབས་ཤུགས་གཙོ་བོ་ཡིན་པས། ཚང་མས་མུ་མཐུད་དུ་རང་ངོས་དགེ་མཚན་བཏོན་ནས།  ང་ཚོར་མུ་མཐུད་དུ་རོགས་བྱས་ཏེ་ཚོང་འགུག་དངུལ་འདྲེན་དང་འཇོན་མིའི་ལས་གཞིའི་ཐད་འབྲེལ་བ་འཛུགས་པ་དང་། སྔར་བཞིན་སྲིད་ཞུགས་སྲིད་གླེང་བྱེད་ཅིང་། མཚོ་སྔོན་གྱི་བྱ་བ་གལ་ཆེན་དང་བྱ་བ་གཙོ་བོའི་ཐད་བློ་གྲོས་ཀྱི་ཐབས་དང་དངོས་གཉེར་ཀྱི་ཇུས་མང་པོ་བཏོན་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་རོགས་ཤུགས་འདོན་དགོས་ཟེར།

དར་གོས་ཕུགས་འདུན་མཉམ་སྤྱོད་རྟགས་ཅན་གྱི་རྒྱལ་སྤྱིའི་ཡུལ་སྐོར་མེ་འཁོར་ནི་ཧྥུའུ་ཞིན་སྡེ་ཚོགས་ཀྱིས་མཚོ་སྔོན་གྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པར་རོགས་ཤུགས་འདོན་པ་དེ་དགོངས་པར་བརྩིས་ནས། མཚོ་བོད་ལྕགས་ལམ་ཀུང་ཟིར་མཉམ་འབྲེལ་བྱས་ཏེ་བསྐྲུན་པའི་ལས་གཞི་ཞིག་རེད། མགོན་པོ་བཀྲ་ཤིས་དང་ཞང་ཀང་དང་ཨའོ་མིན་གྱི་ཨུ་ཡོན་རྣམས་ཀྱིས་མེ་འཁོར་ལ་ལྟ་སྐོར་བྱས་ནས། མེ་འཁོར་འཁོར་སྐྱོད་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། རྒྱལ་སྤྱིའི་ཡུལ་སྐོར་དམིགས་ས་བསྐྲུན་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་སྤྲད་པའི་ལས་འགན་གཙོ་བོ་ཡིན་པས། ཞིང་ཆེན་གོང་འོག་ཡོངས་ཀྱིས་མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་རྒྱལ་སྤྱིའི་ཡུལ་སྐོར་དམིགས་ས་བསྐྲུན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་ཡུལ་སྐོར་འཕེལ་རྒྱས། དམངས་ཚིས་འགན་སྲུང་བཅས་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས། ཞང་ཀང་དང་ཨའོ་མིན་གྱི་ཨུ་ཡོན་རྣམས་ཀྱིས་མཚོ་སྔོན་གྱིས་མཐོ་ས་བསྐྲུན་པ་དང་གནས་བཞི་འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་སྟོབས་ཤུགས་འབུལ་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ཟེར། ཞང་ཀང་དང་ཨའོ་མིན་གྱི་ཨུ་ཡོན་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གྱི་འཕེལ་རྒྱས་ལ་འདང་བརྒྱབ་ནས་འགན་སྒྲུབ་ཁག་ཁུར་ནན་མོ་བྱེད་ཅིང་། སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ཚོང་འགུལ་དངུལ་འདྲེན་རྒྱ་བསྐྱེད་པ་སོགས་ཀྱི་ཕྱོགས་སུ་དགེ་མཚན་འདོན་སྤེལ་བྱེད་པ་དང་རྒྱབ་སྐྱོར་ཤུགས་ཆེན་འདོན་སྤྲོད་བྱས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་པར་བསྟན།

ལྷ་མོ་འཚོས་བསྒྱུར།