ཞིང་ཆེན་ཡོངས་ཀྱི་དྲིལ་བསྒྲགས་པུའུ་གྲང་གྲོས་ཚོགས་འཚོགས།
2025.01.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ་དང་པོའི་ཚེས་བཅུ་བདུན་ཉིན་ཞིང་ཆེན་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་ཚོགས་འདུ་འཚོགས་ནས་རྒྱལ་ཡོངས་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་ཡི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་བྱ་བ་སྤྱི་སྡོམ་དང་དུས་བབ་ལ་དབྱེ་ཞིབ་བྱས་པ་དང་། 2025ལོའི་ལས་འགན་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའུ་ཀྲང་ཝང་ཏ་ནན་གྱིས་གཏམ་བཤད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཞི་ཅིན་ཕིན་གྱི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ། རིག་གནས་ཀྱི་བྱང་ཚད་དང་དཔལ་ཡོན་དར་ཚད་ཇེ་མཐོར་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོར་འཛུགས་པ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་དཔལ་ཡོན་འཛུགས་སྐྲུན་དང་དར་སྤེལ་བཅས་བྱས་ཏེ་དུས་རབས་གསར་པ་དང་རིག་གནས་ཀྱི་འགན་འཁྲི་རང་རྟོགས་སྒོས་འཁུར་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་སེམས་ཤུགས་གཅིག་ཏུ་སྒྲིལ་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ཁྱབ་ཁོངས་སུ་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་“དམིགས་འབེན་གསར་པ་དྲུག”མངོན་འགྱུར་བྱེད་རྒྱུ་དམ་འཛིན་བྱས་ཏེ། “རིག་གནས་ལྔ”སྐྱེད་སྲིང་དང་དར་སྤེལ་གཏོང་བ་དང་། “ལས་གཞི་ཆེན་པོ་བཅུ”ལག་བསྟར་སྐུལ་སྤེལ་བཏང་སྟེ། དྲིལ་བསྒྲགས་བསམ་བློ་དང་རིག་གནས་ལས་དོན་གྱི་གསར་གཏོད་བྱེད་ཤུགས་ཆེ་ཞིང་སྤུས་ཚད་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་དགོས། བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པར་དམིགས་ཏེ། “འོད་སྟོང་འབར་བའི‘ལོ་ལྔའི་འཆར་འགོད་བཅུ་བཞི་པའི’བཅོས་སྒྱུར་གྱི་ལེའུ་གསར་པའི”བརྗོད་དོན་གཙོ་གནད་དུ་བཟུང་ནས་དྲིལ་བསྒྲགས་བྱེད་པ་དང་།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་བརྗོད་དགོས། མངག་བཅོལ་ཡུལ་ལ་དམ་པོར་འཛིན་པ་དང་དང་དྲིན་གཟོ་བ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འདུས་དགོས། ཏང་གི་རིག་གནས་ཐད་ཀྱི་མགོ་ཁྲིད་ཁོང་དུ་བརྟན་པོར་ཆུད་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ་དང་། དྲིལ་བསྒྲགས་བསམ་བློ་རིག་གནས་དཔུང་ཁག་གི“རྨང་གཞི་འཛུགས་པ་དང་ཕུལ་བྱུང་སྐྱེད་སྲིང་བྱེད་པའི”ཆེད་དོན་བྱ་སྤྱོད་ལག་བསྟར་བཅས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་བརྩོན་ལེན་བྱས་ཏེ། དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

ཚོགས་འདུ་ལས《མཚོ་སྔོན་ཞིང་ཆེན་གྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་བསམ་འཆར》ལ་འགྲེལ་བཤད་བྱས། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། མཚོ་སྔོན་ཉིན་རེའི་ཚགས་པར། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་། མཚོ་ཤར་གྲོང་ཁྱེར། མགོ་ལོག་ཁུལ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ།

ཚེ་མགོན་རྒྱལ་གྱིས་བསྒྱུར།