ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་རྣམས་ཀྱིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱས།
2025.01.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 41

ཟླ1ཚེས17ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་དབྱང་ཧྥིན་ཁྲུན་མཚོ་སྔོན་གྲོས་ཚོགས་ལྟེ་གནས་དང་མཚོ་སྔོན་མགྲོན་ཁང་སོགས་སུ་སོང་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་བྱ་བ་སྣ་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱས།

ཝང་ལིས་མེན་དང་དབྱང་ཧྥིན་ཁྲུན་སོགས་ཀྱིས་སྔ་ཕྱིར་ཚོགས་ར་གཙོ་བོའི་གློག་སྒྲོན་དང་སྒྲ་སྒམ། བརྡས་གཅོད་ཆས་དང་ཚོགས་ར་ཕྱི་ཡི་ཐད་གཏོང་རླངས་འཁོར་སོགས་སྒྲིག་ཆས་བཀོད་སྒྲིག་གི་གནས་ཚུལ་དང་། ཚོགས་ཁང་ཉེ་འཁོར་གྱི་མེ་འགོག་མེ་གསོད་དང་བདེ་སྲུང་སྒྲིག་ཆས་སྒྲིག་སྦྱོར་གནས་ཚུལ་ལ་ཞིབ་མོ་བལྟས་ཤིང་། གྲ་སྒྲིག་བྱ་བར་ཁས་ལེན་གང་ལེགས་བྱས་ཏེ། ཞིབ་ཕྲའི་གནད་དོན་ཁ་ཤས་ཐད་སྒྱུར་བཅོས་ཀྱི་བསམ་འཆར་བཏོན་པར་མ་ཟད་ཚོགས་ཆེན་གྲ་སྒྲིག་ཚན་ཁག་གི་ཚན་ཆུང་སོ་སོའི་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན། 

ཝང་ལིས་མེན་དང་དབྱང་ཧྥིན་ཁྲུན་གྱིས་བསྟན་དོན། ལོ་རེའི་ཐེངས་གཅིག་གི་ཚོགས་ཆེན་གཉིས་ནི་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་དག་གལ་ཆེན་ཞིག་ཡིན་པས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་དང་བསམ་བློའི་ཐད་སྔར་ལས་མཐོང་ཆེན་བྱས་ཏེ། སྤྱོད་ཚུལ་དང་རྣམ་འགྱུར་ནན་མོས་བྱ་བ་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། བྱེ་བྲག་གི་བྱ་བ་སྔར་ལས་ཞིབ་ཕྲ་དང་ནན་མོར་གཏོང་བ་དང་། འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། བྱུང་རིམ་དང་ཟུར་སྣེ་གཅིག་ཀྱང་ལྷག་ལུས་མེད་པར་ཁག་ཐེག་བྱེད་དགོས། བྱ་བའི་གཞོགས་འདེགས་ཐད་སྦྲེལ་མཐུད་དམ་ཟབ་བྱེད་པ་དང་། རང་འགན་རང་གིས་བསྒྲུབ་པ་དང་མཉམ་དུ་འབྲེལ་འདྲིས་འབྲེལ་གཏུག་དང་མཐུན་སྦྱོར་གཞོགས་འདེགས་བྱེད་པར་ཤུགས་སྣོན་དགོས། ཚོགས་སྲོལ་ཚོགས་སྒྲིག་ཐད་སྒྲིག་ལམ་སྔར་ལས་དམ་པོ་དང་ནན་མོ་བྱེད་ཅིང་། ལས་ཞུགས་ཞིབ་བཤེར་ནན་མོ་བྱས་ཏེ། ཚོགས་ཆེན་གྱི་སྣང་ཚུལ་ལེགས་པོ་བསྐྲུན་པར་ཁག་ཐེག་བྱེད་དགོས།

ལྷ་མོ་འཚོས་བསྒྱུར།