ཟླ1ཚེས18ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལའོ་ཏུང་ཁྲོན་གཉིས་འཐུས་ཚབ་ཚོགས་པ་སོ་སོར་སོང་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་འཐུས་མིར་འཚམས་འདྲི་བྱས།
ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གཉིས་ཀྱིས་འཐུས་མི་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་བྱས་པ་དང་ལོ་གསར་གྱི་རྟེན་འབྲེལ་ཞུས། ཁོ་ཚོས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་ཁྲིད་སྟོན་བྱས་ནས། མངགས་བཅོལ་ཡིད་ལ་དམ་པོར་བཟུང་བ་དང་། དྲིན་བསམ་ཡར་བརྩོན་བྱས་ཤིང་། བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གི་བྱ་གཞག་སྣ་ཚོགས་ཁྲོད་ཧུར་ཐག་གིས་ཞུགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་འཆར་འགོད་ཆེན་མོ་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་བསྒྱུར་བར་འབད་པ་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྒྲིལ་བའི་ལོ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་བཀོད་སྒྲིག་བྱེད་པའི་ལོར་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་དག་གལ་ཆེན་ཞིག་ཀྱང་ཡིན། དམངས་ཆེན་འཐུས་མིས་མི་དམངས་ཀྱི་མངགས་བཅོལ་དང་རེ་འདུན་ཕྲག་ཏུ་ཁུར་ཡོད་ལ། ལས་འགན་གཟི་བརྗིད་ལྡན་ཞིང་འགན་འཁྲི་ལྕི་བས། ཚང་མས་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་དྲག་པོ་དང་བསམ་བློའི་རྣམ་པ་ཡག་པོས་འཐུས་མིའི་ལས་འགན་ལག་བསྟར་ལེགས་པོ་བྱེད་པ་དང་། སྙན་ཞུ་སྣ་ཚོགས་ལ་གྲོས་ཞིབ་ནན་མོ་བྱེད་པ། ཐབས་འདོན་ཇུས་འབུལ་གང་ལེགས་བྱས་ནས་འདེམས་ཤོག་འཕེན་པ་དང་། ཚོགས་འདུའི་ཀུན་སྤྱོད་དང་སྒྲིག་སྲོལ་ཡག་པོ་སྲུང་འཛིན་བྱས་ཏེ། ཚོགས་ཆེན་གྱི་གྲོས་རིམ་སོ་སོ་ལེགས་འགྲུབ་བྱེད་པར་རེ་བ་བྱེད་ཀྱིན་ཡོད་ཟེར།
འཐུས་མི་རྣམས་ཀྱི་བསྟན་དོན། ནན་ཏན་སྒོས་ལས་འགན་ལག་བསྟར་བྱེད་པ་དང་། སྒྲིག་ལམ་ནན་སྲུང་བྱེད་པ། ཐབས་དང་ཇུས་གཞི་ལེགས་པོ་འདོན་པ། བྱེད་ཐབས་དངོས་བཏོན་ནས། དུས་རབས་གསར་པའི་དམངས་ཆེན་འཐུས་མིའི་བརྗིད་ཉམས་མངོན་པ་དང་། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་ལེན་པ་དང་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཟེར།
ཞིང་ཆེན་གྱི་མགོ་ཁྲིད་ཝང་ལིས་མེན་དང་ཀྲུའུ་ཞང་ཧྥིན། དབྱང་ཧྥིན་ཁྲུན། ཉི་མ་སྒྲོལ་མ་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
ལྷ་མོ་འཚོས་བསྒྱུར།