ཟླ1ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཡའོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་བཅས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཡའོ་ནན་ནི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་ཚོགས་པ་ཡིན། འབྲེལ་བ་བཙུགས་ནས་ལོ75ཡི་རིང་ལ། རྒྱལ་ཁབ་རང་བཙན་དང་མི་རིགས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་ལོ་ཟླའི་ཁྲོད། ཕྱོགས་གཉིས་ཀྱིས་དཔུང་པ་མཉམ་གཤིབ་ཀྱིས་འཐབ་འཛིང་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱས་པས“ཡའོ་ནན་དང་ཀྲུང་གོའི་མཛའ་བརྩེ་ཟབ་ཅིང་བློ་མཐུན་དང་སྤུན་ཟླ”ཞེས་པ་དེ་ཏང་གཉིས་དང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་གསོན་ཉམས་དོད་པོའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བྱ་གཞག་ཁྲོད། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་། ལག་གདང་སྦྲེལ་ནས་མཉམ་དུ་འཕེལ་རྒྱས་གཏོང་བ། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་བསམ་བློ་གཅིག་མཐུན་དང་། ལས་དབང་གཅིག་མཐུན་དེ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྱད་ཆོས་མངོན་གསལ་དོད་པོ་རུ་གྱུར་ཡོད། ངས2023ལོར་ཡའོ་ནན་དུ་གྲུབ་འབྲས་ལྡན་པའི་འཚམས་འདྲི་གནང་བ་དང་། ཕྱོགས་གཉིས་ཀྱིས་ལག་གདང་སྦྲེལ་ནས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡའོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་ནས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་མཚམས་གསར་པར་སླེབས་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔའི་འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་སྔར་བྱུང་མྱོང་མེད་པའི་རྣམ་པའི་ཐོག་ནས་སྤེལ་བཞིན་ཡོད་པས། ཀྲུང་གོ་དང་ཡའོ་ནན་རྒྱལ་ཁབ་གཉིས་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་མུ་མཐུད་དུ་ཡག་པོ་བསྐྱོད་རྒྱུ་དེ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མདུན་ལམ་ལས་དབང་དང་འཛམ་གླིང་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་མ་འོངས་པ་དང་འབྲེལ་བ་ཡོད་པས། ས་ཁུལ་རང་དང་ཐ་ན་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ཡོང་བར་དོན་སྙིང་གལ་ཆེན་ལྡན། ངས་ཀྲུང་གོ་དང་ཡའོ་ནན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཁྱེད་ཚོ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བ་དང“ཀྲུང་གོ་དང་ཡའོ་ནན་གྱི་མི་གཞུང་བརྗེ་རེས་ལོ”གོ་སྐབས་སུ་བརྩིས་ཏེ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ། དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་བརྒྱག་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་བགྲོད་ལམ་གསར་པའི་ཐོག་མུ་མཐུད་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡའོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལེགས་པའི་བདེ་སྐྱིད་བསྐྲུན་ནས་འཛམ་གླིང་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དར་རྒྱས་གཏོང་བ་དང་མིའི་རིགས་འཕེལ་རྒྱས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་འབུལ་འདོད་ཡོད།
སུའུ་ལིན་གྱིས་བསྟན་དོན། ལོ75ཡི་རིང་ལ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱིས་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱས་ཏེ“ཡའོ་ནན་དང་ཀྲུང་གོའི་མཛའ་བརྩེ་ཟབ་ཅིང་བློ་མཐུན་དང་སྤུན་ཟླ”ལྟ་བུའི་སྲོལ་རྒྱུན་གྱི་མཛའ་གྲོགས་སུ་གྱུར་ཡོད། ཡའོ་ནན་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཡའོ་ནན་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་འདོད་ཚུལ་ཨང་དང་པོར་བརྩི་བཞིན་ཡོད། རྒྱལ་སྤྱིའི་ས་ཁུལ་གྱི་གནས་བབ་གཏིང་ཟབ་དང་རྙོག་འཛིང་ཆེ་བའི་ཕྱོགས་སུ་འགྱུར་ལྡོག་ཕྱིན་པ་དང་། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འགག་རྩའི་དུས་མཚམས་སུ་སླེབས་པའི་རྒྱབ་ལྗོངས་འོག ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཡའོ་ནན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་མོས་མཐུན་བྱུང་ཡོད་པས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་མི་སྣའི་སྐུ་དངོས་ཀྱི་ཐུགས་ཁུར་དང་མཛུབ་ཁྲིད་འོག་ཕྱོགས་གཉིས་ཀྱི་སྡེ་ཁག་སོ་སོས་མཉམ་ལས་དམ་ཟབ་བྱས་ཏེ་ཡའོ་ནན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་ཐུབ་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད།
ལེང་ཆང་གིས་བསྟན་དོན། ཡའོ་ནན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ75རིང་གི་ལོ་རྒྱུས་ལག་ལེན་ལས་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་རེ་འདུན་དང་ཡུན་རིང་གི་ཁེ་ཕན་དང་མཐུན་པ་དང་། ས་ཁུལ་དང་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་། མཉམ་ལས་དང་འཕེལ་རྒྱས་བཅས་ལ་ལེགས་སྐྱེས་འབུལ་ཐུབ་པ་ར་སྤྲོད་བྱུང་ཡོད། ཡའོ་ནན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཡའོ་ནན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་འོག ཀྲུང་གོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་དམིགས་འབེན་དང་ལས་འགན་སོ་སོ་རྒྱལ་ཁའི་ངང་མངོན་འགྱུར་བྱས་ཏེ། ཀྲུང་གོ་སྟོབས་འབྱོར་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན་དང་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་བསྐྲུན་ཐུབ་པར་ཡིད་ཆེས་ཡོད།
ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དང་ཡའོ་ནན་སྲིད་གཞུང་གི་ཙུང་ལི་ཧྥན་མེན་ཀྲིན་གྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། ལིས་ཆང་གིས་བསྟན་དོན། ངས་བློ་མཐུན་ཙུང་ལི་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཧྥན་མེན་ཀྲིན་གྱིས་བསྟན་དོན། ཡའོ་ནན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་སྡེ་ཁག་སོ་སོ་དང་ས་གནས་སོ་སོར་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་པ་དང་། མཉམ་ལས་འཆར་འགོད་གལ་ཆེན་མགྱོགས་མྱུར་ངང་དོན་འཁྱོལ་བྱས་ནས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་གྱི“སྔར་ལས་དྲུག”སྐོར་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཤ་བོ་གསེར་མཚོས་བསྒྱུར།