ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱིས་ཚན་ཆུང་བགོས་ནས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་གཞི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།
2025.01.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 31

 ཟླ1ཚེས18ཉིན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་ཨུ་ཡོན་ཚོས་ཚན་ཆུང་བགོས་ནས་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་གཞི་བྱ་བའི་གནས་ཚུལ་སྙན་ཞུར་གྲོས་ཞིབ་བྱས།

 གྲོས་ཞིབ་བྱེད་སྐབས་ཨུ་ཡོན་ཚོས“སྙན་ཞུའི་ནང་དོན་དངོས་ཐོག་བདེན་འཚོལ་ཡིན་པ་དང་མི་སེམས་ལ་ཡར་སྐུལ་བྱེད། འདས་ཟིན་པའི་ལོ་གཅིག་རིང་གི་གྲུབ་འབྲས་ཕྱོགས་སྡོམ་བྱས་པ་དེ་དོན་དངོས་དང་མཐུན་ལ་ཕྱོགས་ཡོངས་དང་ཆ་ཚང་བ་ཞིག་ཡིན་པ་དང་། ལོ་གསར་པའི་སྲིད་གྲོས་ཀྱི་བྱ་བ་ཚན་རིག་དང་མཐུན་པའི་ངང་དངོས་སྒྲུབ་དང་། གཙོ་གནད་ འབུར་ཐོན།  དམིགས་འབེན་གསལ་བོ་བཅས་ཀྱི་སྒོ་ནས་བཀོད་སྒྲིག་བྱས་ཏེ། ཨུ་ཡོན་ཚོས་ཕྱིན་ཆད་འགན་འཁྲི་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་བྱས་ཡོད”ཟེར།  གྲོས་ཞིབ་བྱེད་སྐབས་ཨུ་ཡོན་ཚོས་ལོ་གཅིག་རིང་གི་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་དང་ཚད་མཐོའི་གདེང་འཇོག་བྱས། ཚང་མས་བལྟས་ན། ལོ་གཅིག་རིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཡང་དག་པའི་མགོ་ཁྲིད་འོག་ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།   མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་ཁོང་དུ་བརྟན་པོར་ཆུད་པར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ལས་འགན་གཙོ་བོར་རྩེ་གཅིག་ཏུ་དམིགས་ནས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་འགན་ནུས་ལག་བསྟར་བྱས་ནས།   ལོ་འདིའི་ནང་གཙོ་གནད་གྲོས་མོལ་སྲིད་གླེང8དང་། བརྟག་དཔྱད་ཞིབ་འཇུག་དང་རྟོག་ཞིབ44ལེགས་འགྲུབ་བྱས་ལ། དམངས་འཚོ་དང་ལས་ཞུགས་ཀྱི་དཀའ་གནད་ཐག་གཅོད་དང་། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་བསམ་འཆར་དང་གྲོས་གཞི300ལྷག་བཏོན་ནས། བྱ་བ་སྣ་ཚོགས་ཐད་གྲུབ་འབྲས་གསར་པ་བླངས་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་བྱས་རྗེས་གསར་པ་བཞག་ཡོད།

2025ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་བསྒྲིལ་བའི་ལོ་ཡིན་ལ།  ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ལོ་གལ་ཆེན་ཞིག་ཀྱང་རེད།  སྐྱོད་ལམ་གསར་པས་མི་རྣམས་ལ་སྤོབས་པ་ཆེན་པོས་མདུན་སྐྱོད་བྱེད་པའི་སྐུལ་ལྕག་བཏང་བ་དང་འགན་འཁྲི་གསར་པ་ཚང་མའི་ཕྲག་ཏུ་བབ་ཡོད་པས། ཨུ་ཡོན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་བློ་གཅིག་སེམས་གཅིག་དང་ལྷོད་གཡེང་མི་གཏོང་བར“རྒྱལ་དོན་གྱི་ཆེ་ཕྱོགས”དང་།   ཞིང་ཆེན་གྱི་ལས་དོན་གཙོ་བོ།  དམངས་ཀྱིས་དོ་ཁུར་བྱེད་པའི་འགན་འཁྲི་གཙང་སྒྲུབ་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་དང་གྲོས་མོལ་གཏིང་ཟབ་བྱེད་པ། ཐབས་འདོན་ཇུས་འབུལ་ལེགས་པོ་བྱེད་པ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་རྒྱུ་ཡིན་ཞེས་བསྟན།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།