ཟླ1ཚེས19ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་ཁོ་ཡོད་སའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཟི་ལིང་འཐུས་ཚབ་ཚོགས་པའི་མཉམ་འབྲེལ་ཚན་ཆུང་གི་གྲོས་ཞིབ་ལ་ཞུགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་ལྟར། ཡིད་ཆེས་ཇེ་བརྟན་ཏུ་གཏོང་བ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ། དངོས་སྒྲུབ་སྔོན་ཐོན་བརྩོན་ལེན་བྱེད་པ། འགན་འཁྲི་ཏན་ཏིག་གིས་འཁུར་བ་བཅས་ཀྱི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་འཕེལ་རྒྱས་ལ་ལྟེ་བའི་གྲོང་ཁྱེར་གྱི་སྟོབས་ཤུགས་འབུལ་དགོས་ཞེས་ནན་གྱིས་བསྟན།
གྲོས་ཞིབ་བྱེད་སྐབས། འཐུས་མི་ཝང་ཝེ་ཏུང་དང་། ཧྲི་ཅན་ཕིང་། ནན་ཧའེ་ཡན། ཏོན་ཡུང་། ཧྲན་ཧུང་ཧྲིན། མཱ་ཏི་ཆིན། ཀྲའོ་ཚུའེ་ཧུང་། མཱ་མེན་ཞུས། པའོ་ཝུའུ་ཀྲང་སོགས་འཐུས་མི་ཚོས་སྔ་རྗེས་སུ་གཏམ་བཤད་དེ། ཚོགས་ཆེན་ཐོག་གྲོས་ཞིབ་བྱེད་པར་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུར་ཚད་མཐོའི་གདེང་འཇོག་བྱས་པར་མ་ཟད། རང་སོ་སོའི་བྱ་བའི་དོན་དངོས་དང་ཟུང་འབྲེལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། ལྗང་མདོག་ནུས་ཁུངས། ལིས་གློག་ཐོན་ལས། གསར་སྐྲུན་སྐུལ་འདེད། རྫོང་ཁོངས་དཔལ་འབྱོར། སྐྱེ་ཁམས་ཡུལ་སྐོར་སོགས་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བྱས།
ཝུའུ་ཞའོ་ཅུན་གྱིས་ཉན་ཞོར་དུ་ཟིན་བྲིས་བཀོད་པ་དང་ཕན་ཚུན་བརྗེ་རེས་བྱས། གཏམ་བཤད་ལ་ཞིབ་ཏུ་ཉན་རྗེས། ཁོས་ཚོགས་ཆེན་ལ་གྲོས་ཞིབ་བྱེད་པར་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་འབད་འཐབ་བྱེད་པའི་དཀའ་བ་འདུས་ཡོད་པ་དང་། སང་ལོའི་ལས་དོན་ཡག་པོར་སྒྲུབ་པའི་ཡིད་ཆེས་དང་གདེང་ཚོད་སྔར་ལས་ཇེ་བརྟན་དུ་སོང་ཡོད་ལ། དར་ཆ་མཐོན་པོར་སྒྲེང་བ་དང་། ཁ་ཕྱོགས་བརྟན་གཏོང་། བདེན་འཚོལ་དངོས་སྒྲུབ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་ཡིན་པས་ཡོངས་སུ་འཐད་པ་ཡིན། འདས་ཟིན་པའི་ལོ་གཅིག་རིང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། དཔལ་འབྱོར་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཐད་སྔར་ལས་སྒུལ་ནུས་གསར་པ་བཏོན་ནས། ལས་དོན་སྒྲུབ་འདོད་པ་དང་ལས་དོན་སྒྲུབ་ཐུབ་པ། ལས་དོན་ལེགས་འགྲུབ་བྱེད་པ་བཅས་ཀྱི་སྣང་ཚུལ་ཉིན་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་ཅེས་བསྟན།
ཝུའུ་ཞའོ་ཅུན་གྱིས་ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་མཇུག་བསྒྲིལ་བའི་ལོ་ཡིན་ལ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་བཀོད་སྒྲིག་བྱེད་པའི་ལོ་ཞིག་ཀྱང་ཡིན་པས། དཀའ་སྤྱད་འབད་བརྩོན་གྱི་རྣམ་འགྱུར་དང་། དངོས་སྒྲུབ་ཀྱི་སྤྱོད་ཚུལ། སྒྲུབ་མཁས་པའི་འཇོན་ཐང་བཅས་ཀྱི་ཐོག་ནས“ གཞན་གྱིས་བྱ་བ་ཅུང་ཙམ་སྒྲུབ་ན་རང་གིས་བྱ་བ་མང་པོ་སྒྲུབ་པའི”སྟོབས་ཤུགས་འདོན་པ་དང་། ཕུ་ཐུང་བརྫེས་ནས་ཤུགས་སྣོན་པ་དང་གཅིག་རྗེས་གཅིག་མཐུད་སྒོས་བྱ་བ་སྒྲུབ་སྟེ། མཚོ་སྔོན་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དགོས། ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཡིན་པའི་ཟི་ལིང་གི་གོ་གནས་དམིགས་བསལ་ཡིན་ཞིང་འགན་འཁྲི་ཧ་ཅང་ལྕི་བས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པའི་ཐད་གཏིང་ཟབ་དང་ཏན་ཏིག་ཡོང་བར་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་གནད་འཁེལ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་འདི་ཁོང་དུ་བརྟན་པོར་ཆུད་པར་བྱས་ནས། སྔར་ལས་བློ་བརྟན་འགྱུར་མེད་དང་རང་འགུལ་ངང་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་མཉམ་འདྲེས་ཡོང་བར་བྱེད་པ་དང་དེར་ཞབས་འདེགས་ཞུ་དགོས། དེང་རབས་ཀྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་གཏིང་ཟབ་ཅིང་ཏན་ཏིག་ཡོང་བར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པར་དམིགས་པ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ། སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་དང་རིམ་སྤོར་བྱེད་པ། གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། མ་འོངས་པའི་ཐོན་ལས་འཛུགས་སྐྲུན་བྱེད་པ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་སྔར་ལས་ནུས་ལྡན་བྱེད་དགོས། རྒྱལ་ཁབ་ཀྱི་ས་ཁོངས་གལ་ཆེན་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཐད་གཏིང་ཟབ་ཅིང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་སྟེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་། ཤར་ནུབ་རྒྱུད་མཉམ་ལས། ས་གནས་གཏན་འཁེལ་རོགས་སྐྱོར་བཅས་ཀྱི་བྱ་བའི་ལམ་སྲོལ་བེད་སྤྱོད་ལེགས་པོ་བྱེད་པ། ས་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ནས། ལན་ཀྲོའུ་དང་ཟི་ལིང་བར་གྱི་གྲོང་ཁྱེར་ཁྱུ་ཚོགས་འཛུགས་སྐྲུན་དང་། ཟི་ལིང་ནས་མཚོ་ཤར་བར་གྱི་གྲོང་ཁྱེར་ཚོགས་པ་གཞི་གཅིག་ཅན་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བའི་ཐད་གཏིང་ཟབ་ཅིང་ཏན་ཏིག་ཡོང་བར་བྱས་ཏེ། ཁྱད་ལྡན་ལེགས་ཆར་བརྟེན་ནས་རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སློབ་གསོ་སྨན་བཅོས་དང་། རྒན་གསོ་བྱིས་བཅོལ། ལས་ཞུགས་འབབ་འཕར་སོགས་དམངས་འཚོའི་འགག་རྩ་དམ་འཛིན་ནན་མོ་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་དགོས། ཞིང་ཆེན་དང་གྲོང་ཁྱེར་གྱི་མཉམ་འགུལ་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བའི་ཐད་གཏིང་ཟབ་ཅིང་ཏན་ཏིག་ཡོང་བ་བྱས་ཏེ། འཆར་འགོད་སྣེ་ཁྲིད་རྒྱུན་འཁྱོངས་དང་། སྤྱི་ཡོངས་ཀྱི་བཀོད་སྒྲིག་དང་ཕྱོགས་གང་ཅིའི་ཐད་ཀྱི་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ཁུངས་ཀྱི་ཁྱད་སྟོབས་གཞན་སྒྱུར་བྱེད་པའི་ཁ་ཕྱོགས་དང་། ཐབས་ལམ། གཅིག་སྡུད་བཅས་ཀྱི་ཐད་ཐོད་བརྒལ་ཆེན་པོ་མངོན་འགྱུར་བྱེད་དགོས། ལས་དོན་སྒྲུབ་ཕོད་པ་དང་སྒྲུབ་མཁས་པའི་ཐད་གཏིང་ཟབ་ཅིང་ཏན་ཏིག་ཡོང་བར་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྲིད་ཚོང་གི་འབྲེལ་བ་ལེགས་བཅོས་དང་། ཚོང་གཉེར་ཁོར་ཡུག་བཟང་པོ་སྐྲུན་པ། ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་མུ་མཐུད་དུ་སྐྲུན་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཆགས་པ་བཅས་བྱེད་དགོས་ཞེས་བསྟན།
ཞིང་ཆེན་གྱི་མགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་། དབྱང་ཧྥིན་ཁྲུན། ཀྲང་ཧོང་ཡོན། ལིའུ་ཐའོ། ཀྲང་ཙེ་ཅུན་བཅས་གྲོས་ཞིབ་ལ་ཞུགས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།