ལའོ་ཏུང་ཁྲོན་མཚོ་ཤར་འཐུས་ཚབ་ཚོགས་པའི་མཉམ་འབྲེལ་ཚན་ཆུང་གི་གྲོས་ཞིབ་ལ་ཞུགས།
2025.01.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ1ཚེས19ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལའོ་ཏུང་ཁྲོན་ཁོ་ཡོད་སའི་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་མཚོ་ཤར་འཐུས་ཚབ་ཚོགས་པའི་མཉམ་འབྲེལ་ཚན་ཆུང་གི་གྲོས་ཞིབ་ལ་ཞུགས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུངས་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ། ཁྱོན་ཡོངས་ཀྱི་གནས་སུ་ལངས་ནས་ལས་རིགས་གཅིག་དོན་དུ་གཉེར་བ་དང་། ལས་རིགས་གཅིག་ལེགས་པར་སྒྲུབ་ནས་ཁྱོན་ཡོངས་ལ་སྐུལ་འདེད་གཏོང་བ། བློ་རྩ་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་མཚོ་ཤར་གྱི་ཁག་ཁུར་མངོན་པར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་ཁྲོད་མཚོ་ཤར་གྱི་གནས་ཚད་འཚོལ་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བའི་ཐད་མཚོ་ཤར་གྱི་སྟོབས་ཤུགས་འབུལ་དགོས།

གྲོས་ཞིབ་བྱེད་སྐབས། ཝུའུ་ལ་ཙི་པའེ་ཁི་རེ་སུའུ་ལིས་ཧན་དང་ཝང་ཧྭ་ཅེ། ལུའུ་ཧྲའེ་ལུང་། ལིས་ཞའོ་དབྱིན། ཀྲུའུ་ཀྲི་ཐའེ། ལིས་ཅི་ཧྭ། ཀྲང་ཝུན་ལིས། ཀྲང་ཕན་ཅེ། ཧན་ཀྲུང་ཧོས་སོགས་འཐུས་མིས་ལང་ལོང་སྒོས་གཏམ་བཤད་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུར་ཚད་མཐོའི་གདེང་འཇོག་བྱས་ཏེ། སྲིད་གཞུང་བྱ་བའི་སྙན་ཞུས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། བྱ་བར་ཕྱོགས་བསྡོམས་བྱས་པ་དངོས་ཐོག་བདེན་འཚོལ་ཡིན་ལ། བྱ་བར་བཀོད་སྒྲིག་བྱས་པའི་བྱེད་ཐབས་ནུས་ལྡན་ཡིན་པས་མི་སེམས་ལ་སྐུལ་མ་གཏོང་བ་དང་། ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱེད་པ། ངར་ཤུགས་བསྐྱེད་ཐུབ་པ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་ཡིན་པར་འདོད། དེ་དང་ཆབས་ཅིག་ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཆེན་པོ་གཏོང་བ། གོ་སྐབས་དམ་འཛིན་བྱས་ནས་གྲོང་ཁྱེར་དང་རྣམ་པ་གསར་པའི་གྲོང་རྡལ་ཅན་ལ་སྐུལ་འདེད་གཏོང་བ། འཐབ་འཛིང་གི་བཙན་རྫོང་སྟོབས་ལྡན་བསྐྲུན་པ། སྣ་མང་ཅན་ལ་བརྟེན་ནས་སློབ་གསོའི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གཞི་རིམ་བཅོས་སྐྱོང་བྱ་བ་ཡག་པོར་སྒྲུབ་པ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་གཞི་བཏོན། ལའོ་ཏུང་ཁྲོན་གྱིས་ཉན་ཞོར་དང་ཟིན་བྲིས་འབྲི་ཞོར་དུ་འབྲེལ་ཡོད་གནས་ཚུལ་དྲིས་པ་དང་། འཐུས་མི་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་ཏེ་ཚང་མས་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཞིབ་འཇུག་ནན་ཏན་དང་བསྡུ་ལེན་གང་ལེགས་བྱ་རྒྱུ་ཡིན་ཞེས་བསྟན། 

ལའོ་ཏུང་ཁྲོན་གྱིས་བཤད་རྒྱུར། འདས་ཟིན་པའི་ལོ་གཅིག་གི་ནང་། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཆེ་རུ་ཕྱིན་པ་དང་ནང་ཁུལ་གྱི་དཀའ་ངལ་ཇེ་ཆེར་འགྲོ་བའི་རྙོག་འཛིང་ཆེ་ཞིང་ཛ་དྲག་གི་གནས་བབ་འོག་མཚོ་སྔོན་གྱིས་ངར་ཤུགས་ཆེ་རུ་བསྐྱེད་པའི་གྲུབ་འབྲས་བླངས་པ་ནི་ཧ་ཅང་ལས་སླ་མོ་ཞིག་མིན་ལ། ཆེས་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་ལ་རག་ལས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་རག་ལས་ཤིང་། ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་མི་རིགསསོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་བདེན་འཛིན་དངོས་སྒྲུབ་དང་ངར་ཤུགས་ཆེན་པོས་འབད་འཐབ་བྱས་པའི་འབྲས་བུ་ཡིན་པས། ཉམས་མྱོང་ཕྱོགས་བསྡོམས་ནན་ཏན་བྱེད་པ་དང་། གྲུབ་འབྲས་ལ་གཅེས་སྤྲས་ཆེན་པོ་བྱེད་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཁོང་དུ་ཆུད་པར་བྱེད་པའི་ཁྲོད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། སྔོན་དཔག་གི་དམིགས་འབེན་ཁོང་དུ་ཆུད་པར་བྱེད་པའི་ཁྲོད་སེམས་ཤུགས་སྔར་ལས་གཅིག་སྒྲིལ་བྱེད་པ། གཙོ་གནད་ལས་འགན་ཁོང་དུ་ཆུད་པར་བྱེད་པའི་ཁྲོད་སྔར་ལས་ངར་ཤུགས་ཆེན་པོས་སྔོན་ལ་བརྩོན་ལེན་བྱེད་པ། བྱ་བའི་བླང་བྱ་ཁོང་དུ་ཆུད་པར་བྱེད་པའི་ཁྲོད་སྔར་ལས་འགན་འཁུར་བ་བཅས་བྱ་དགོས།

ལའོ་ཏུང་ཁྲོན་གྱིས་མཚོ་ཤར་གྲོང་ཁྱེར་གྱིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དགེ་མཚན་ལྡན་པའི་བྱས་རྗེས་བཞག་པར་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་བསྒྲིལ་བའི་ལོ་ཡིན་པས། མཚོ་ཤར་གྱིས་བརྩོན་སེམས་ཆེན་པོས་གཙོ་ཁྲིད་དང་བྱས་རྗེས་མང་ཙམ་འཇོག་པའི་ནུས་པ་ཧུར་ཐག་གིས་འདོན་དགོས། སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་འཚོ་གནས་བརྟན་ལྷིང་གི་རྨང་གཞིར་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། གནམ་སྔོན་པོ་དང་ཆུ་དྭངས་གཙང་། ས་དག་གཙང་བཅས་ལ་སྲུང་སྐྱོབ་ཡག་པོ་བྱེད་པ། “ཐཱན་རྩེར་སོན་གྱི་འགུལ་སྐྱོད་ཆེན་པོ་བཅུ”ལག་བསྟར་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཚད་བརྒལ་སྔར་ལས་ཆེ་བ་ཡོང་བར་བྱ་དགོས། ཐོན་ལས་གྱི“གནས་བཞི”འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དམིགས་འབེན་གཏན་འཁེལ་བྱེད་པ་དང་། ཞིབ་བསྡུར་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། ཐོན་ཁུངས་ཀྱི་སྐྱེས་ཐོབ་ལ་བརྟེན་ནས་གྲོང་ཁྱེར་གྱིས་ཐོན་སྐྱེད་གཅིག་སྡུད་དང་ཐོན་སྐྱེད་ཀྱིས་གྲོང་ཁྱེར་དར་རྒྱས་སུ་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔར་ལས་ཆེ་བ་གསོ་སྐྱོང་བྱས་ཏེ། ནུས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་འགན་འཁྲི་སྔར་ལས་ཆེ་བ་འཁུར་དགོས། ཞིང་ཆེན་ཡོངས་ཀྱི་ས་ཁོངས་འཕེལ་རྒྱས་འཐབ་ཇུས་ནང་མཉམ་འདྲེས་ཟབ་མོ་བྱེད་པ་དང་། ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་ཚོགས་འཛུགས་སྐྲུན་དང་ཟི་ལིང་ནས་མཚོ་ཤར་གྲོང་ཁྱེར་བར་གྱི་མུ་ཁྱུད་གཞི་གཅིག་ཅན་གྱི་འཕེལ་རྒྱས་ནང་མཉམ་འདྲེས་ཧུར་ཐག་བྱས་ཏེ། མི་རྩ་བར་འཛིན་པའི་གྲོང་ཁྱེར་དང་རྣམ་པ་གསར་བའི་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཡར་རྒྱས་སྔར་ལས་ཆེ་བ་མངོན་འགྱུར་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་དམངས་འཚོའི་ཚད་མཐའ་བརྟན་པོ་ཡོང་བ་དང་། ལས་ཞུགས་ལས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། དམངས་འཚོ་འགན་སྲུང་དྲ་བ་དམ་ཟབ་ཡོང་བ་བཅས་བྱས་ཏེ་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བའི་ཐད་གྲུབ་འབྲས་སྔར་ལས་ཆེ་བ་མངོན་དགོས། 

ཉི་མ་སྒྲོལ་མ་དང་། ལིའུ་ཐུང་ཏི། ཀྲ་ཆིན་ཅིའུ་བཅས་གྲོས་ཞིབ་ལ་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།